23
Tue, Apr

བོད་ཀྱི་ཆབ་སྲིད་བཙོན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༢་ཚེས་༣ཉིན་སྤེལ། བོད་མདོ་ཁམས་ལི་ཐང་ནས་ཡིན་པའི་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ལོ་གཅིག་གི་སྔོན་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ཆར་ལི་ཐང་བཙོན་ཁང་ཞིག་ཏུ་ནང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་ཡང་། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ནི་ཕྱི་ལོ་༡༩༨༥་ལོར་རྒྱ་གར་ལ་ཕེབས་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་ནང་དུ་སློབ་གཉེར་ཆ་ཚང་གནང་ནས་དགེ་བཤེས་ཀྱི་མཚན་གནས་བཞེས་ཡོད་པ་དང་། དེ་ནས་རྡ་ས་དང་། མཱ་ནཱ་ལི། རྡོ་རྗེ་གླིང་། འབྲུག་སོགས་སུ་བྱ་བྲལ་དུ་ཡུན་རིང་བཞུགས་རྗེས། ཕྱིས་སུ་ཁོང་གི་ཕ་ཡུལ་ལི་ཐང་གྱོང་པར་ལོག་ཡོད་འདུག

ཁོང་བོད་དུ་ལོག་རྗེས། ཕ་ཡུལ་གྱི་རི་མགོར་བྱ་བྲལ་དུ་བཞུགས་ཡོད་པ་དང་། ས་གནས་མི་མང་རྣམས་ཁོང་མཇལ་དུ་ཕེབས་ནས་བཀའ་སློབ་གནང་རྒྱུ་རེ་བ་ཞུ་ཡོད་པ་ལྟར་བཀའ་སློབ་གནང་གི་ཡོད་སྐོར་འབྲེལ་ཡོད་བོད་མི་ཞིག་གིས་བརྗོད་སོང་། དེ་བཞིན་ཁོང་གིས་ས་གནས་མི་མང་ལ་ཕན་ཐོགས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཐེངས་ཤིག་སྡེ་བ་གཉིས་ཀྱི་དབར་རྙོག་དྲ་བྱུང་ཡོད་པར་བར་སྡུམ་གནང་ནས་འདུམ་འགྲིག་བྱས་ཡོད་འདུག མི་མང་གིས་ཁོང་ལ་དད་པ་དང་ཡིད་ཆེས་ཇེ་ཆེ་འགྲོ་བཞིན་ཡོད་འདུག འོན་ཀྱང་། རྒྱ་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ནས་ཕྱི་ལོ་༢༠༢༢་ཟླ་༣་པའི་ནང་དུ་འཛིན་བཟུང་བྱས་ཡོད་པར་འབྲེལ་ཡོད་བོད་མི་ཁག་ཅིག་གིས་གོ་ཐོས་བྱུང་འདུག

དེ་ཡང་། བོད་མིའི་སྒྲིག་འཛུགས་ལ་ཁུངས་ལྡན་གནས་ཚུལ་འབྱོར་བར་ལྟར་ན། རྒྱ་གཞུང་གིས་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ཀྱིས་ལི་ཐང་རྫོང་གི་གྱོང་པ་གྲོང་རྡལ་དུ་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པར་འདུམ་འགྲིག་གནང་རྐྱེན་སོགས་ལ་སྙད་བཏགས་ནས་ཕྱི་ལོ་༢༠༢༢ ཟླ་ ༣ པའི་ནང་འཛིན་བཟུང་བྱས་ནས་རྗེས་སུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

དེ་ནས་ཁོང་ལི་ཐང་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཁང་དུ་སྡོད་རིང་གཟུགས་གཞི་བདེ་མིན་གྱིས་ལི་ཐང་རྫོང་གི་སྨན་ཁང་དུ་ཁྲིད་ཡོད་འདུག་ཀྱང་སྟབས་མ་ལེགས་པར་ཕྱི་ལོ་༢༠༢༣ ཟླ་ ༡ ཚེས་༢༦ ཉིན་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་གི་སྐུ་ཕུང་ལི་ཐང་རྫོང་གྱོང་པ་གྲོང་རྡལ་དུ་གདན་དྲངས་ཞུས་ཡོད་རུང་མི་མང་ལ་མཇལ་ཁ་མ་བཏང་བའི་ཁར་ཉིན་གྲངས་གསུམ་རིང་ས་གནས་དེར་འགྲོ་འོང་བྱ་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག དེ་ནས་ཉིན་གསུམ་རྗེས་སྐུ་ཕུང་རྒྱ་ནག་པེ་ཅིང་དུ་ཁྱེར་ཡོད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་ཁང་ལ་བརྗོད་དོན། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་བོད་ལ་ཕེབས་རྗེས་མི་མང་ལ་དཔེ་མི་སྲིད་གི་ཕན་ཐོགས་བྱུང་ཡོད་འདུག ཁོང་གིས་ལི་ཐང་གི་དཔྱད་འཇོག་བཤད་སྒྲུབ་དར་རྒྱས་གླིང་དགོན་པ་ཉམས་གསོ་གནང་བ་དང་། ལི་ཐང་རྫོང་གི་གྱོང་པ་གྲོང་རྡལ་དུ་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པར་འདུམ་འགྲིག་བྱས་ཡོད་འདུག རྒྱ་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་ནས་བཙོན་དུ་བཅུག་པ་རེད། རྒྱ་གཞུང་གིས་བོད་མི་ཚོས་དད་གུས་བརྩེ་གསུམ་ཡོད་པའི་བླ་མ་དང་དགེ་བཤེས། ཤེས་ཡོན་པ་དེ་དག་གང་ཐུབ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་རེད། དཔེར་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ་ལྟ་བུ་རེད།

བོད་མི་འབྲེལ་ཡོད་གཞན་ཞིག་གིས་བརྗོད་དོན། དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་དཔེ་ཆ་ཧ་ཅང་ཡག་པོ་ཡོད་རེད། དེ་བཞིན་ཁོང་བོད་དང་རྒྱ་གར། འབྲུག་སོགས་སུ་ཕེབས་ནས་བྱ་བྲལ་ཡུན་རིང་བཞུགས་ཡོད་འདུག ཁོང་ལ་སློབ་མ་མང་པོ་ཡོད་པ་མ་ཟད་རྒྱུན་དུ་སློབ་མ་རྣམས་ལ་བཀའ་ཆོས་ཡང་ཡང་གནང་གི་ཡོད་རེད།

དགེ་བཤེས་ཕན་བདེ་རྒྱལ་མཚན་ (སྐྱ་མིང་བློ་བཟང་དོན་གྲུབ།) ལགས་ནི། ལིང་ཐང་རྫོང་གྱིང་པ་གྲོང་རྡལ་ཞབས་དྲུང་གྲོང་དུ་འཁྲུངས་ཞིང་། ད་ལྟར་རང་ལོ་༥༦ ཙམ་ལ་སོན་ཡོད་འདུག ཁོང་ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་སྤོམ་ར་ཁང་ཚན་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཀྱི་མཚན་གནས་བཞེས་རྗེས་བྱ་བྲལ་དུ་ཡུན་རིང་བཞུགས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།