25
Thu, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ཟླ་༡༠ཚེས་༡༨ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་བོད་རིགས་རྩོམ་པ་པོ་དང་ཤེས་ཡོན་པ། ཁོར་ཡུག་སྲུང་སྐྱོབ་པ། དེ་བཞིན་བོད་དོན་ལས་འགུལ་བ་བཅས་བོད་མི་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་འཛུགས་འོག་ཏུ་མི་ལོ་བཞི་ནས་བཅུ་བཞི་བར་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་། བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལ་ལྟར་ན། བོད་མདོ་སྨད་གསེར་རྟ་ནས་ཡིན་པའི་བོད་མི་ལྔ་དང་བོད་མདོ་སྟོད་བྲག་མགོ་ནས་ཡིན་པའི་བོད་མི་གཅིག་བཅས་ཁྱོན་བོད་མི་དྲུག་རྒྱ་གཞུང་གིས་ཉེས་འཛུགས་འདྲ་མིན་བཙུགས་ནས་མི་ལོ་བཞི་ནས་༡༤་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཁོང་རྣམས་ནི། རྩོམ་པ་པོ་གངས་མེ་སྟག་ཡང་ན་དངོས་མིང་ལ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ལ་མི་ལོ་༡༤ཡི་བཙོན་འཇུག་ཁྲིམས་ཐག་དང་། རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ལགས་ལ་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་དང་། གངས་བུ་གཡུ་བྷྲུཾ་ལགས་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་དང་། བུད་མེད་ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལགས་ལ་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་དང་། ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ལ་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་དང་། རྩོམ་པ་པོ་པདྨ་རིན་ཆེན་ལགས་ལ་མི་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅས་བཅད་འདུག

རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་རྒྱ་གཞུང་ཉེན་རྟོགས་པས་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༣ ཚེས་༢༣ ཉིན་རང་ཁྱིམ་ནས་འཛིན་བཟུང་ནས་ལོ་གཅིག་དང་ཟླ་བ་དྲུག་ཙམ་བཀག་ཉར་བྱས་རྗེས། ཕྱི་ལོ་༢༠༢༢ ཟླ་༩ ཡས་མས་ཞིག་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་ཏུ་ཁོང་ལ་མི་ལོ་༡༤་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འོན་ཀྱང་ཁོང་ལ་མི་ལོ་༡༤་ཡི་ཁྲིམས་ཐག་གཅོད་སྐབས་ཀྱི་ཚེས་གྲངས་དང་། ས་གནས་སོགས་བོད་ནང་དམ་དྲག་དབང་གིས་ཤེས་རྟོགས་བྱུང་ཐུབ་མི་འདུག

ཕྱི་ལོ་༢༠༡༢ ཕྱི་ཟླ་༢ ཚེས་༡༥ ཉིན། སྒྲུབ་པ་སྐྱབས་ལགས་ཀྱིས་བྲག་མགོ་ས་གནས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་སྒེར་བཙུགས་སློབ་གྲྭར་དགེ་རྒན་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་གློ་བུར་བཙན་ཁྲིད་བྱས་ཡོད་འདུག དེ་ནས་ཕྱི་ལོ་༢༠༡༣ ཟླ་༨ ཚེས་༡ ཉིན་ཉག་ཆུ་རྫོང་ཁྲིམས་ཁང་ནས་བོད་དོན་ལས་འགུལ་སྤེལ་མཁན་དང་། དམར་རྒོལ་ཚོགས་པ་ཞེས་པའི་ཚོགས་མི་ཡིན་པའི་ཉེས་འཛུགས་དང་། བོད་དོན་ལས་འགུལ་སྤེལ་བ་སོགས་ཆབ་སྲིད་ཀྱི་ནག་ཉེས་སུ་བསྒྱུར་ཏེ། ཁོང་ལ་མི་ལོ་༥ ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེའི་རྗེས། ཕྱི་ལོ་༢༠༡༦ ཟླ་༩ ཚེས་ ༡༦ ཉིན་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་། ཉིན་དེའི་ཕྱི་ཉིན་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཁོང་རང་ཉིད་ཀྱི་མགོ་ཐོག་ལ་བཞག་པ་སོགས་རྣམ་འགྱུར་ཡག་པོ་མི་འདུག ཅེས་རྒྱ་གཞུང་ཉེན་རྟོགས་པས་ཁོང་སླར་ཡང་འཛིན་བཟུང་བྱས་ནས་ཉིན་༡༧ རིང་གསེར་རྟ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག

སྒྲུབ་པ་སྐྱབས་ལགས་ཐེངས་མང་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་རྐྱེན་དང་བཙོན་ཁང་དུ་རྒྱ་གཞུང་ཉེན་རྟོགས་པས་སྡུག་སྦྱོང་མནར་གཅོད་བྱས་རྐྱེན། དེ་བཞིན་བཙོན་ཁང་དུ་ཁ་ཟས་ཧ་ཅང་སྐྱོ་བོ་ཡོད་པ་བརྟེན། བཙོན་གྲོལ་ཐོབ་རྗེས་ཀྱང་ཁོང་ལ་ནད་གཞི་འདྲ་མིན་བྱུང་ཡོད་འདུག དཔེར་ན། སྙིང་ཁམས་མི་བདེ་བ་དང་། གྲིབ་སྐྱོན་ཕོག་པ། མིག་གིས་གསལ་བོ་མི་མཐོང་བ། དྲན་པ་ཉམས་པ། མཁལ་མ་མི་བདེ་བ་དང་། ཕོ་བའི་འཇུ་སྟོབས་ཞན་རྐྱེན་ཟས་སྤྱོད་དཀའ་བ་སོགས་བྱུང་ཡོད་འདུག

རྩོམ་པ་པོ་གངས་མེ་སྟག་གམ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་ཕྱི་ལོ་༡༩༧༩ ལོའི་ཟླ་༨ ཚེས་༦ ཉིན། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་འཕན་སྡེ་བ་ནས་ཡིན་པ་དང་། ཕའི་མིང་ལ་ཐུབ་བསྟན་ཉི་མ་དང་། མའི་མིང་ལ་དབང་ལོ་ཡིན་འདུག ཁོང་དང་ཁོང་གི་བཟའ་ཟླ་དབང་ཕྱུག་ལྷ་མོ་གཉིས་ལ་རང་ལོ་བཅུ་བདུན་སོན་པའི་བུ་མོ་མེ་དབང་སྐྱིད་དང་། རང་ལོ་བཅུ་ལྔ་ཡིན་པའི་བུ་གངས་བཙན་པོ་ཞེས་པ་ཞིག་བཅས་ཡོད་འདུག

རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ཁོང་ཆུང་དུས་ནས་ས་གནས་རགས་བཀྲམ་སློབ་ཆུང་དང་། གསེར་རྟ་རྫོང་སློབ་འབྲིང་། ཁུལ་དར་མདོ་སློབ་ཆེན་སོགས་མཐར་ཕྱིན་རྗེས་གསེར་རྟ་རྡར་ཚང་དང་། རྡོ་ཁོག་གི་སྙན་ལུང་སོགས་སུ་སློབ་གྲྭའི་དགེ་རྒན་བྱེད་ཞོར་དུ་རྩོམ་དེབ་ཁ་ཤས་བྲིས་ཡོད་འདུག མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་ལས་དབང་གི་རྒྱང་འབོད་དང་། དུས་ཀྱི་ན་ཟུག དེ་རིང་གི་མིག་ཆུ། ལོ་ཟླའི་ཁ་དོག ཁ་བཏགས་དཀར་པོའི་ཚགས་དེབ། ད་དུང་༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་སོགས་དཔེ་དེབ་དང་ཚགས་དེབ་མང་པོ་ཁོང་གིས་བཏོན་ཡོད།

རྩོམ་པ་པོ་བོད་རུས་པའམ་སྲས་རྣམ་ལགས་ནི་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༣ ཚེས་༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད༥ དང་སྐར༤༠ ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག དེ་ནས་ལོ་གཅིག་ལྷག་ལ་བཀག་ཉར་བྱས་རྗེས་ཕྱི་ལོ་༢༠༢༢ ཟླ་༩ཡས་མས་ཞིག་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་མི་ལོ་དྲུག་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཅུག་ཡོད་མེད་ཀྱི་གནས་ཚུལ་སོགས་ཤེས་རྟོགས་ཐུབ་མིན་འདུག

དེ་ཡང་། སྲས་རྣམ་ལགས་ནི་ཕྱི་ལོ་༢༠༢༠ ལོའི་ཟླ་༩ བའི་ནང་རྒྱ་གཞུང་ཉེན་རྟོག་པས་ཐེངས་དང་པོར་འཛིན་བཟུང་བྱས་འདུག སྐབས་དེར་ཁོང་དང་མཉམ་དུ་མི་གྲངས་བཅུ་འཛིན་བཟུང་བྱས་ཡོད་འདུག གསེར་རྟ་རྫོང་ཉེན་རྟོག་ཁང་དུ་སྲས་རྣམ་ལགས་ཉིན་༡༥ ཙམ་ལ་བཀག་ཉར་བྱས་ནས་མནར་གཅོད་གང་མང་བཏང་ཡོད་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་གཙོ་བོ་ནི། དེའི་སྔོན་ཁོང་གི་གོ་སྒྲིག་འོག་གངས་ཅན་ཕ་མའི་བདེ་ཐང་གླེང་བ་ཞེས་པའི་ཚོགས་འདུ་ཞིག་འཚོགས་པ་དེ་ཁྲིམས་འགལ་ཚབས་ཆེན་ཡིན་ཞེས་རྒྱ་གཞུང་གིས་ཁོང་ལ་ནག་ཉེས་བཙུགས་ཡོད་འདུག

ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ད་དུང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་ཕྱག་ལས་གང་མང་གནང་མཁན་ཞིག་ཀྱང་ཡིན་འདུག སྲས་རྣམ་ལགས་ནི་བོད་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དུང་དཀར་དང་། མ་མིང་ལ་ལེའུ་མཚོ་ཟེར། ཁོང་ལ་ཁྱིམ་དུ་བཟའ་ཟླ་དང་བུ་མོ་ཞིག་བཅས་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་གངས་བུ་གཡུ་བྷྲུཾ་ལགས་ཕྱི་ལོ་༢༠༢༡ ཕྱི་ཟླ་༣ ཚེས་༢༢ ཉིན་གསེར་རྟ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ལོ་གཅིག་ལྷག་བཀག་ཉར་བྱས་རྗེས་ཕྱི་ལོ་༢༠༢༢་ཟླ་༩་པའི་ནང་དུ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འོན་ཀྱང་ཁོང་ད་ལྟར་བཙོན་ཁང་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་བྱུང་ཐུབ་མི་འདུག

གངས་བུ་གཡུ་བྷྲུཾ་ལགས་ནི་བོད་ཁམས་གསེར་རྟ་རྫོང་གོས་རྩ་སྡེ་བ་ནས་ཡིན་འདུག ཕྱི་ལོ་༢༠༠༨ ལོར་གསེར་རྟ་རུ་བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། གངས་བུ་གཡུ་བྷྲུཾ་ལགས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་ཞུ་དགོས་པ་སོགས་སྐད་འབོད་བྱས་ཏེ། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་དམར་ཉེན་རྟོག་པས་ཁོང་ཐེངས་དང་པོར་བཙན་བཟུང་གིས་མི་ལོ་གསུམ་ལ་བཙོན་འཇུག་བྱས་ཏེ། ཕྱི་ལོ་༢༠༡༡ ལོའི་ཟླ་༢ ཚེས་༡༩ ཉིན་བཙོན་གྲོལ་བྱུང་ཡོད་ཀྱང་། རྗེས་སུ་གངས་བུ་གཡུ་བྷྲུཾ་ལགས་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་༼དམར་རྒོལ་ཚོགས་པ༽ཞེས་པའི་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། བོད་ཀྱི་ས་གནས་གང་མང་དུ་ལས་འགུལ་གང་མང་སྤེལ་སྟབས། སླར་ཡང་ཕྱི་ལོ་༢༠༡༢ ལོའི་ཟླ་༥ ཚེས་ ༡༤ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་ཐེངས་གཉིས་པ་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་བྱས་ཡོད་པ་རེད། དེར་བརྟེན་ད་ཐེངས་རྒྱ་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་པ་འདི་ནི་ཁོང་བཙོན་འཇུག་ཐེངས་གསུམ་པར་གྱུར་ཡོད་འདུག

ཆབ་སྲིད་བཙོན་ཟུར་གངས་ཚེ་རིང་སྒྲོལ་མ་ལགས་ཕྱི་ལོ་༢༠༢༡ ཟླ་༤ ཚེས་༡ ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༢་ཟླ་༩་ཡས་མས་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

དེ་ཡང་། ཕྱི་ལོ་༢༠༠༨ ལོར་བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་ནས་བོད་རིགས་མང་ཚོགས་ཀྱིས་རྒྱ་དམར་སྲིད་གཞུང་ལ་ཞི་རྒོལ་གྱི་ལས་སྤེལ་ཡོད་རྐྱེན། སྐབས་དེར་གངས་ཚེ་རིང་སྒྲོལ་མ་ལགས་དང་། ཁོང་གི་ཕ་བསོད་ལོ་དང་མཉམ་དུ་རྒྱ་གཞུང་གིས་འཛིན་བཟུང་ཐེངས་དང་པོ་བྱས་ཡོད་འདུག བཙོན་ཁང་ནང་དུ་ཉེན་རྟོག་པས་གངས་ཚེ་རིང་སྒྲོལ་མ་ལགས་ལ་གཅར་རྡུང་དྲག་པོ་བཏང་ནས་ཁོང་མོའི་དཔྱི་མགོའི་རུས་པ་བཅག་ཡོད་འདུག དེར་བརྟེན། ཕྱིས་སུ་གནམ་གཤིས་དྲོ་གྲང་འགྱུར་བ་ཐེབས་སྐབས་སོགས་སུ་དེའི་སྔོན་དཔྱི་མགོའི་རུས་པ་བཅག་ཤུལ་དུ་ཧ་ཅང་ན་ཟུག་ཆེན་པོ་འབྱུང་བཞིན་ཡོད་འདུག

དེའི་རྗེས། གངས་ཚེ་རིང་སྒྲོལ་མ་ལགས་རྒྱ་གཞུང་ཉེན་རྟོགས་པས་ཐེངས་ཁ་ཤས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་ཐེངས་རེ་རེ་བཞིན་དུ་རྒྱ་ནག་ཉེན་རྟོག་པས་ཁོང་ཚོར་གངས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྣམ་འགྱུར་མི་ལེགས་པ་སྟོན་བཞིན་འདུག ཅེས་བཙོན་ཁང་ནང་ཟླ་བ་མང་པོར་གཅར་རྡུང་སོགས་མནར་གཅོད་ཚད་མེད་པ་འདྲ་མིན་བཏང་རྐྱེན། བཙོན་ཁང་ནང་དུ་ཡོད་སྐབས་ཁོང་ལ་གྲིབ་སྐྱོན་གྱི་ནད་གཞི་དང་། དྲན་པ་མི་བརྟན་པའམ། དྲན་ཤེས་ཉམས་པའི་ནད་གཞི། སྙིང་ཁམས་མི་བདེ་བའི་ནད་གཞི་སོགས་ཕོག་ཡོད་འདུག ཁོང་མོ་ནི་ལུས་སེམས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ནད་པ་ཞིག་ཏུ་གྱུར་ཡོད་འདུག

ཁོང་མོར་ནམ་རྒྱུན་ཉེན་རྟོག་པས་རྟོག་ཞིབ་དང་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། གལ་ཆེའི་དུས་ཆེན་ནམ་ཡིན་ལ་ཉེན་རྟོག་ལས་ཁུངས་སུ་མིང་ཐོ་འགོད་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་གནས་སྟངས་གསལ་བཤད་བྱེད་པའང་འགྲོ་དགོས་ཡོད་འདུག དེ་བཞིན་རང་ས་རང་ཡུལ་ལས་ཡུལ་གཞན་ས་ཆ་གང་དུའང་འགྲོ་མི་ཆོག་པའི་དོ་དམ་བྱེད་བཞིན་ཡོད་འདུག

གངས་ཚེ་རིང་སྒྲོལ་མ་ལགས་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོ་རྐང་ཚ་སྡེ་བའི་ནང་ཕ་བསོད་ལོ་དང་། མ་མཚོ་སྐྱིད་གཉིས་ཀྱི་བུ་མོར་སྐྱེས། ཁོང་དང་བཟའ་ཟླ་ཀརྨ་དབང་ཕྱུག་གཉིས་ལ་ཕྱི་ལོ་༢༠༠༡ ལོར་བུ་བསྟན་འཛིན་འོད་ལྡན་དང་། ཕྱི་ལོ་༢༠༠༤ ལོར་བུ་བསྟན་འཛིན་ངག་དབང་སྐྱེས་པས། ཁྱོན་བཟའ་མི་བཞི་ཡོད་འདུག

ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ཕྱི་ལོ་༢༠༢༡ ལོའི་ཟླ་༤ བའི་ཚེས་༥ ཉིན་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༢་ཟླ་༩་ཡས་མས་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་མི་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ད་ལྟ་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་ཐུབ་མི་འདུག

ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ནི་ཕྱི་ལོ་༡༩༩༢ ལོར་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་མགོ་མཆོག་སྡེ་བའི་ནང་དུ་སྐྱེས་པ་དང་། ཁོང་གི་ཕ་མིང་ལ་བསོད་རྒྱལ་དང་། མ་མིང་ལ་གཅེས་སྡེས་ཟེར། ཕྱི་ལོ་༢༠༡༢ ལོའི་ཟླ་༦ པའི་ནང་ཐོག་མར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༡ ཉིན་ཉག་ཆུ་རྫོང་ཁྲིམས་ཁང་ནས་ཁོང་ལ་དམར་རྒོལ་ཚོགས་པ་ཞེས་པའི་ཚོགས་པ་དེའི་ཚོགས་མི་ཡིན་པའི་ཉེས་འཛུགས་དང། བོད་དོན་ལས་འགུལ་སྤེལ་བའི་ཉེས་པ་སོགས་ཉེས་འཛུགས་གང་མང་ཞིག་བྱས་ཏེ། ཁོང་ལ་ལོ་ལྔ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག བསམ་འགྲུབ་ལགས་ཕྱི་ལོ་༢༠༡༦ ལོའི་ཟླ་༨ ཚེས་༡༩ ཉིན་བཙོན་གྲོལ་ཐོབ་ཡོད་ཀྱང་། སླར་ཡང་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༩ ཚེས་༡༨ ཉིན་གསེར་རྟ་རྫོང་ཉེན་རྟོག་ཁང་གིས་ཁོང་འཛིན་བཟུང་ཐེངས་༢ པ་བྱས་ཏེ། ཁྱོན་ཉིན་༡༧ རིང་བཀག་ཉར་བྱས་ནས་སྡུག་སྦྱོང་མནར་གཅོད་བཏང་ཡོད་འདུག

རྩོམ་པ་པོ་པདྨ་རིན་ཆེན་ལགས་ཕྱི་ལོ་༢༠༢༠ ལོ་མཇུག་ནས་གར་སོང་མེད་དུ་གྱུར་ཡོད་པ་དང་། ཕྱི་ལོ་༢༠༢༢་ཟླ་༩་ཡས་མས་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་འོག་མི་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ད་ལྟ་བཙོན་ཁང་གང་དུ་བཅུག་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་ཐུབ་མི་འདུག

བོད་མདོ་སྟོད་བྲག་མགོ་རྫོང་ནས་ཡིན་པའི་རྩོམ་པ་པོ་པདྨ་རིན་ཆེན་ནམ། སྨྱུག་མིང་ལ་དུག་ཚེར་ལགས་ཀྱིས་ཕྱི་ལོ་༢༠༢༠ ལོའི་ནང་ཁོང་གིས་ཡང་བསྐྱར་དེབ་ཅིག་འབྲི་གིན་ཡོད། ཅེས་ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་ཚོར་བཤད་རྗེས་སུ་ཁོང་གར་སོང་ཆ་མེད་གྱུར་ཡོད་འདུག

ཁོང་གིས་ཕྱི་ལོ་༢༠༡༡ ལོར་༼ ལྟོས ༽ཞེས་པའི་དེབ་ཅིག་བྲིས་ཏེ་འགྲེམས་སྤེལ་བྱས་པ་ཡོད་པ་དང་། དེབ་དེའི་ནང་དུ་རྒྱ་དམར་གྱིས་བོད་ཇི་ལྟ་བཙན་བཟུང་བྱས་པ་དང་། བོད་ཀྱི་གཏེར་ཁ་སྔོག་འདོན་བྱས་ནས་བོད་ཁམས་གཏོར་བཤིག་བཏང་བ། དེ་བཞིན་བོད་ཀྱི་ད་ལྟའི་གནས་སྟངས་ཇི་ལྟའི་སྐྱོ་བ་དང་། མ་འོངས་པའང་འཇིགས་སུ་རུང་བ་ཡིན་པ་སོགས་བྲིས་ཡོད་འདུག དེར་བརྟེན་དཔེ་དེབ་འགྲེམས་སྤེལ་བྱས་རྗེས་ཁོང་འཛིན་བཟུང་བྱས་ཡོད་འདུག བཀག་ཉར་བྱེད་སྐབས་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་རྐྱེན། ཁོང་གི་གཟུགས་ཕུང་བདེ་ཐང་མེད་པར་གྱུར་ཡོད་འདུག

ཁོང་ལ་ཁྱིམ་དུ་ནད་པ་ཚབས་ཆེན་ཡིན་པའི་ཨ་མ་ཞིག་དང་སྲིང་མོ་ཞིག་ཡོད་འདུག 

བོད་ཀྱི་ལོ་རྒྱུས་ཡིག་ཆ།