20
Sat, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༡ཉིན་སྤེལ། རྒྱ་གཞུང་གིས་ཡང་བསྐྱར་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་ཡུལ་ནས་བོད་མི་༥༣ ལ་༸གོང་ས་མཆོག་གི་སྐུ་པར་བཤམས་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་འཛུགས་ཀྱིས་འཛིན་བཟུང་བཙན་ཁྲིད་བྱས་འདུག

དེ་ཡང་། འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་སྡེ་བའི་རུ་ཁག་དང་པོ་ནས་བཟུང་སྟེ། ཁྱིམ་ཚང་རེ་རེའི་ནང་དུ་༸གོང་ས་མཆོག་གི་སྐུ་པར་བཤམས་ཡོད་མེད་དང་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཡོད་མེད་ཀྱི་རྟོག་ཞིབ་མུ་མཐུད་ནས་བྱས་ཏེ་དམ་དྲག་བྱེད་བཞིན་འདུག་ཅིང་། ཚེས་ཉེར་ལྔ་ནས་ཚེས་ཉེར་དགུ་བར་དུ། མི་གྲངས་༥༣ ཡས་མས་ཤིག་འཛིན་བཟུང་བྱས་འདུག་ལ། ཚེས་ཉེར་གཉིས་ནས་ཉེར་ལྔ་བར་ལ་མི་གྲངས་༦༠ མ་ཟིན་ཞིག་འཛིན་བཟུང་བྱས་ཡོད་པས། སྔ་ཕྱི་གཉིས་ཀ་བསྡོམས་ན་ཁྱོན་མི་གྲངས་༡༡༣ ཡས་མས་ཤིག་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་བཀག་ཉར་བྱས་འདུག་ཅིང་། ཕལ་ཆེར་ཟླ་བ་གཅིག་གི་རིང་ལ་བཀག་ཉར་བྱེད་པའི་སྐོར་བརྗོད་བཞིན་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་མི་གྲངས་དེ་དག་ལས་བརྒྱ་ཆའི་གོ་དགུ་ལ་༸གོང་ས་མཆོག་གི་སྐུ་པར་བཤམས་པ་དང་ཁ་པར་ནས་ཕྱི་ལོགས་ལ་འབྲེལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། གཞན་ཉུང་ཤོས་ཤིག་ནི་སྤྱི་ཚོགས་ཀྱི་དཀའ་རྙོག་དང་འབྲེལ་བ་ཡོད་མཁན་ཡིན་སྐོར་དང་། ཚེས་༣༡ ཉིན་ལ། མི་སྐྱ་གཉིས་དང་། བུད་མེད་གཅིག དགེ་འདུན་པ་གཅིག་བཅས་ཕྱིར་གློད་གྲོལ་བཏང་འདུག ཅེས་བརྗོད་སོང་།

དགེ་འདུན་པ་ཚོས་རང་ཉིད་དཀར་འདོན་དང་ཁས་ལེན་བྱེད་དུ་འཇུག་བཞིན་ཡོད་པའི་སྐོར་ནས་ཀྱང་འདི་ལྟར་བཤད་དོན། ཚེས་པ་༣༡ ནས་བཟུང་སྟེ། ཉིན་མ་རེ་རེར་དབོན་པོ་དགོན་པའི་དགེ་འདུན་པ་ཉི་ཤུ་རེ་རེས་མོས་ཀྱིས་རྒྱ་གཞུང་གི་ལས་ཁུངས་སུ་ཁྲིད་དེ། དྲི་བ་དྲིས་ལན་བྱས་ནས་རང་ཉིད་ལ་ནག་ཉེས་མེད་པ་དང་། ཕྱི་ཕྱོགས་ལ་འབྲེལ་བ་བྱས་མ་མྱོང་བ། ཁ་པར་ནས་ཆབ་སྲིད་སྐོར་གྱི་སྐད་ཆ་བཤད་མ་མྱོང་བ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་མེད་པ་བཅས་ཀྱི་སྐོར་ནས་རང་ཉིད་དཀར་འདོན་བྱེད་དུ་འཇུག་བཞིན་འདུག་ལ། དེ་ནས་ཕྱིན་ཆད་རྒྱལ་ཁབ་ཀྱི་ཁྲིམས་དང་མི་འགལ་བ་དང་། ཕྱི་ཕྱོགས་ལ་འབྲེལ་བ་མི་བྱེད་པ། ཁ་པར་ནས་ཆབ་སྲིད་ཀྱི་སྐད་ཆ་མི་བཤད་པ་དང་པར་རིས་མི་སྐུར་བ་བཅས་ཀྱི་ཁས་ལེན་བྱེད་དུ་འཇུག་བཞིན་འདུག

དེ་ཡང་། རང་ལོ་བཅོ་བརྒྱད་ཟིན་པའི་དགེ་འདུན་པ་གཅིག་ཀྱང་མ་ལུས་པར་ལས་རིམ་དེའི་ནང་དུ་ཞུགས་དགོས་པ་དང་། དགོན་པའི་གཞུང་ལས་ཁང་གི་མི་སྣ་གཉིས་ལ་འགན་བཞག་སྟེ། དགེ་འདུན་པ་གཅིང་ཀྱང་མ་ལུས་པར་ལས་རིམ་དེར་ཞུགས་སུ་འཇུག་དགོས་སྐོར་ཡང་བརྗོད་སོང་། གཞན་ཡང་། རྒྱ་གཞུང་གིས་དབོན་པོ་དགོན་པ་དང་ལྷ་སྡེ་ཁོ་ན་མ་ཡིན་པར་སེར་ཤུལ་རྫོང་ཁོངས་ཀྱི་སྡེ་བ་དང་དགོན་པ་ཡོངས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། འཛིན་བཟུང་བྱས་ཡོད་པའི་མིའང་མང་པོ་ཡོད་པའི་གནས་ཚུལ་གོ་བཞིན་འདུག ཡིན་ནའང་། མི་སུ་ཡིན་པ་དང་མི་གྲངས་ག་ཚོད་ཡོད་མེད་སོགས་གསལ་པོ་བཤད་རྒྱུ་མེད། གང་ལྟར། མི་མང་པོ་ཞིག་འཛིན་བཟུང་དང་། འདྲི་རྩད། བཀག་ཉར་བྱེད་བཞིན་ཡོད་པ་དེ་དངོས་གནས་ཚུལ་ཞིག་རེད། ཅེས་རྒྱ་གཞུང་གིས་སེར་ཤུལ་རྫོང་ཁོངས་ཡོངས་ལ་དམ་དྲག་བྱེད་བཞིན་སྐོར་ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།