23
Tue, Apr

ཕྱི་ལོ་༢༠༢༡་ཟླ་༣་པའི་ནང་དུ། བོད་ཁམས་སེར་ཤུལ་རྫ་ཆུ་ཁ་རྫ་སྨད་དབོན་པའི་ཡུལ་ཚོར་རྒྱ་དམག་འབྱོར་བཞིན་པའི་པར།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༢༦ཉིན་སྤེལ། རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་ཆུ་ཁ་རྫ་སྨད་དབོན་པའི་ཡུལ་ཚོ་དང་དགོན་པར་སྔོག་གཤེར་བྱས་ཏེ། ༸གོང་ས་མཆོག་གི་སྐུ་པར་རྙེད་བར་བརྟེན་ནས། སེར་སྐྱ་མི་གྲངས་༥༩ ལ་ཉེས་མེད་ཉེས་འཛུགས་ཀྱིས་བཙན་ཁྲིད་བྱས་འདུག

དེ་ཡང་། འདི་གའི་གསར་ཁང་ལ་བོད་མི་ཞིག་གིས་བརྗོད་དོན་ལྟར་ན། བོད་ཁམས་སེར་ཤུལ་རྫ་ཆུ་ཁ་རྫ་སྨད་དབོན་ཁུལ་དུ་ཟླ་འདིའི་ཚེས་༢༢་ཉིན་གྱི་ཞོགས་པར་རྒྱ་གཞུང་གི་དམག་མི་མང་པོ་འབྱོར་ཡོད་པར་མ་ཟད། དགོང་མོའང་རྒྱ་གཞུང་གི་དམག་མི་མང་པོ་ཞིག་འབྱོར་ཏེ། དགོན་པ་དང་ཁྱིམ་ཚང་ལ་སྔོག་གཤེར་བྱས་རྗེས། ༸གོང་ས་མཆོག་གི་སྐུ་པར་རྙེད་ཡོད་པར་བརྟེན་ནས། དབོན་པོ་དགོན་པའི་དགེ་འདུན་པ་༡༩ དང་། མི་སྐྱ་༤༠ བཅས་ཁྱོན་མི་གྲངས་༥༩ འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་དུ་བཙན་ཁྲིད་ཀྱིས་བཀག་ཉར་བྱས་འདུག

གནས་ཚུལ་དེ་བྱུང་བའི་རྒྱུ་རྐྱེན་གྱི་སྐོར་ནས། གནས་ཚུལ་མཁོ་སྤྲོད་པས་བཤད་དོན། དེ་སྔོན་རྒྱ་གཞུང་གིས་རྫ་ཆུ་ཁ་དབོན་པའི་ཁུལ་དུ་འབྲོག་པ་གྲོང་རྡལ་ཅན་དུ་སྒྱུར་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་མི་མང་གི་འཚོ་བར་བརྡབ་གསིག་བཏང་ཡོད་ཅིང་། བོད་མི་རྣམས་ལ་བཙན་ཤེད་ཀྱིས་“ཏཱ་ལའི་རུ་ཚོགས”ལ་ངོ་རྒོལ་དང་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཤེས་དགོས་པ་སོགས་ཀྱི་ལས་འགུལ་བཙན་ཚུགས་ཀྱིས་སྤེལ་བའི་རྐྱེན་གྱིས། ༢༠༡༩་ལོའི་ཟླ་༡༡་ཚེས་༢༡་ཉིན། བོད་ནང་གི་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ། གཞོན་སྐྱེས་ཡོན་ཏན་དང་ལྷ་རྒྱལ(ཆོས་རྒྱལ)གཉིས་ཀྱིས་བོད་རང་བཙན་ཡིན་པའི་སྐད་འབོད་དང་ཡིག་ཆ་གཏོར་བར་བརྟེན། ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ལས་འགུལ་དེ་དང་འབྲེལ་བའི་དབོན་པོ་དགོན་པའི་གྲྭ་ཀུན་གསལ་དང་། རྟ་མེ། བསོད་བཀྲ ཚུལ་ཁྲིམས། ད་དུང་ཁོ་ཚོའི་དགེ་རྒན་ཤེར་རྒྱམ་བཅས་འཛིན་བཟུང་བྱས་འདུག་ཅིང་། གྲྭ་རྟ་མེ་ལ་རྒྱ་ནག་གི་དམག་མིས་གཅར་རྡུང་མནར་གཅོད་བྱས་ཏེ་འདས་གྲོངས་སུ་ཕྱིན་འདུག

དེ་ནས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་དམག་མང་པོ་ཞིག་རྫ་དབོན་པོ་ཡུལ་དགོན་གཉིས་ལ་འགྲེམས་འཇོག་བྱས་ཏེ། སེར་སྐྱ་མི་མང་ཡོངས་ལ་དམ་དྲག་ཤུགས་ཆེན་བྱས་འདུག ཟླ་འདིའི་ཚེས་༢༥ཉིན། རྒྱ་གཞུང་གིས་ས་གནས་བོད་མི་རང་ལོ་༡༨ཡན་ལ་སོན་པའི་བོད་མི་རྣམས་ཚོགས་འདུ་ཞིག་ལ་འཛོམས་དགོས་པ་དང་། མ་འཛོམས་ཚེ་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་དྲིལ་བསྒྲགས་བྱས་ཏེ་ཚོགས་འདུ་བསྐངས་འདུག་ཅིང་། ཚོགས་ཐོག་དེར་༸གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་དང་བདག་ཉར་བྱེད་མི་ཆོག་པ་དང་། ཁ་པར་ནས་ཕྱི་ལ་གནས་ཚུལ་སོགས་གཏོང་མི་ཆོག་པའི་བཙན་བཀའ་བཏང་འདུག དེ་ནས་རྒྱ་གཞུངགི་དམག་མི་དེ་ཚོས་རྫ་སྨད་གྲོང་རྡལ་གྱི་ཡུལ་ཚོ་ལྔ་དྲུག་ཡོད་པའི་ནང་ནས་སྡེ་བ་ཁག་རེའི་བོད་མིའི་ཁྱིམ་ཚང་ནང་དུ་སྔོག་གཤེར་བྱ་རྒྱུ་ཡིན་པ་དང་། བོད་མིའི་ཁྱིམ་ཚང་དུ་༧གོང་ས་མཆོག་གི་སྐུ་པར་ཉར་ཡོད་མེད་། ཁ་པར་ནང་བཙན་བྱོལ་དུ་ཡོད་པའི་བོད་མིར་འབྲེལ་བ་བྱས་ཡོད་མེད་སྔོག་གཤེར་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་མི་༥༩ ལས་ཁག་ཅིག་ནི། ལོ་འདིའི་ཟླ་༣ པའི་ནང་རྒྱ་གཞུང་གིས་རྫ་དབོན་པོ་ཡུལ་དགོན་གཉིས་ལ་དམ་དྲག་གིས་སྔོག་གཤེར་བྱེད་སྐབས། ༸གོང་ས་མཆོག་གི་སྐུ་པར་ཐོན་པའི་ཁྱིམ་ཚང་ཁག་ཐོར་བཀོད་པ་རྣམས་ཀྱང་ཐེངས་འདིར་འཛིན་བཟུང་བྱས་ཡོད་པར་བརྗོད་སོང་།

ལོ་ལྟར་སྤྱི་ཟླ་༣་ཚེས་༡༠་བོད་མི་སྒེར་ལངས་ཉིན་མོ་དང་། ཚེས་༡༢ཉིན། བུད་མེད་སྒེར་ལངས་ཉིན་མོ། དེ་བཞིན་སྤྱི་ཟླ་༧་ཚེས་༦་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་བཅས་ལ་རྒྱ་གཞུང་གིས་དམག་མི་འབོར་ཆེན་ཡོང་ནས་ཧ་ཅང་དམ་དྲག་བྱེད་ཀྱི་ཡོད་སྐོར་དང་། སྤྱིར་༢༠༠༨་ཞི་རྒོལ་ཆེན་པོའི་ནང་དུ་བོད་མི་མང་པོ་ཞིག་མཉམ་ཞུགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན། ༢༠༡༢་ལོར་རྫ་དབོན་པོ་ཡུལ་ཚོའི་ནང་དུ་བོད་རང་བཙན་དགོས་པ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་ཡིག་ཆ་མང་པོ་ཞིག་བཀྲམས་པ་བརྟེན། རྒྱ་གཞུང་གིས་རྫ་དབོན་པོ་ཡུལ་ཚོའི་བོད་མི་སེར་སྐྱ་མང་པོ་ཞིག་འཛིན་བབཟུང་བྱས་ཡོད་པར་མ་ཟད། དུས་དེ་ནས་བཟུང་རྒྱ་གཞུང་གིས་ཡུལ་དེར་མུ་མཐུད་ནས་དམ་དྲག་བྱེད་བཞིན་ཡོད་སྐོར་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།