19
Fri, Apr

སྲིད་སྐྱོང་གིས་དོན་འགྲུབ་དབང་ཆེན་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

དོན་གྲུ་དབང་ཆེན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་རླབས་ཆེན་གནང་བ་འདིས་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱ་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་བའི་རྐྱེན་གྱིས་སྐུ་ངལ་འཕྲད་བཞིན་པ་རྣམས་ལ་བཀའ་ཤག་གིས་དམིགས་བསལ་དོ་སྣང་ཡོད་པས། དོན་གྲུབ་དབང་ཆེན་ལགས་ལ་སྐུ་ངལ་ཇི་ཡོད་མུ་མཐུད་དོན་གཅོད་ལས་ཁུངས་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་གསུང་གནང་ཡོང་བར་ཞུ་ཞེས་སྲིད་སྐྱོང་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ལ་གསུངས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ཉིན་སྲིད་སྐྱོང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་ལྷན་དུ་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ནིའུ་ཡོག་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། མདོ་སྟོད་ཆུ་བཞི་སྒང་དྲུག མདོ་སྨད། དབུས་གཙང་བཅས་ཆོལ་གསུམ་གྱི་སྐུ་ཚབ་དང་། གཞོན་ནུ་དང་བུད་མེད་ཚོགས་པའི་སྐུ་ཚབ། བྱང་ཨ་རི་སྐུ་ཚབ་དོན་གཅོད་ངོ་ལས་བཅས་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་དོན་གྲུབ་དབང་ཆེན་ལགས་དཀའ་སྡུག་གི་འོག་ནས་ཐར་ཙམ་བྱུང་སྟེ། ཨ་རི་དབང་ལུང་པར་ནང་མི་མཉམ་འཛོམས་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་དུས་མཚུངས།

དོན་གྲུབ་དབང་ཆེ་ལགས་འདི་ཚེས་༡༦་ཉིན་ཀ་ནེག་ཀྲཊ་ནས་ནིའུ་ཡོག་ཏུ་ཕེབས་འབྱོར་བྱུང་བའི་དུས་ཚོད་དང་བསྟུན་ནས་དེ་རིང་དངོས་སུ་མཇལ་ཐུབ་པར་ཐུགས་དགྱེས་མཉེས་ཆེན་པོ་བྱུང་བ་དང་། དོན་གྲུབ་དབང་ཆེན་ལགས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་། སྙིང་སྟོབས་ཆེན་པོའི་སྒོ་ནས་འཇིགས་བྲལ་གློག་བརྙན་བཟོས་གནང་བ་འདིས་རྒྱལ་སྤྱིའི་ཁྱོན་དུ་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་བསམ་ཚུལ་ངོ་མ་ཇི་ཡིན་གསལ་སྟོན་བྱེད་རྒྱུར་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད་ཅེས་གསུངས་ཡོད་འདུག

ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་གཙོས་རྒྱུན་ལས་དང་། ཚོགས་པ་ཁག་གི་སྐུ་ཚབ་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་མཛད་རྗེས་ལ་ཡི་རངས་དང་། ཁོང་ལ་འཚམས་འདྲི་མཚོན་པའི་མཇལ་དར་ཕུལ། སྤྱི་མཐུན་ཚོཊ་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མའི་ཚབ་ཞུས་ཏེ་དོན་གྲུབ་དབང་ཆེན་ལགས་དངོས་སུ་མཇལ་ཐུབ་པར་ཧ་ཅང་གི་ཐུགས་མཉེས་པོ་བྱུང་པ་དང་།ད་ཐེངས་དོན་གྲུབ་དབང་ཆེན་ལགས་འདིར་ཕེབས་ཐུབ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀྱང་ཆེད་དུ་དུས་ཚོད་བཏོན་ནས་ཚོགས་པ་ཁག་གི་སྐུ་ཚབ་མཉམ་དུ་དོན་གྲུབ་དབང་ཆེན་ལགས་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་གི་དགའ་པོ་བྱུང་ཞེས་གསུངས་ཡོད་འདུག

དེ་རྗེས་སྲིད་སྐྱོང་མཆོག་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱ་རིགས་འབྲེལ་འགན་འཛིན་ཀུན་དགའ་བཀྲ་ཤིས་ལགས་བཅས་ནས་ཆུ་ཚོད་གཉིས་མིན་ཙམ་རིང་དོན་གྲུབ་དབང་ཆེན་ལགས་ཟུར་དུ་མཇལ། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་དཀའ་སྡུག་གི་ལོ་ཟླའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་གནང་བ་མ་ཟད། འཇིགས་བྲལ་གློག་བརྙན་གྱིས་བོད་ཀྱི་དངོས་ཡོད་བདེན་པའི་གནས་ཚུལ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཤུགས་ཆེ་བྱུང་བར་ཚད་མཐོའི་གདེང་འཇོག་གནང་།

སྲིད་སྐྱོང་མཆོག་ནས་གསུང་དོན། དོན་གྲུ་དབང་ཆེན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་རླབས་ཆེན་གནང་བ་འདིས་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱ་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་བའི་རྐྱེན་གྱིས་སྐུ་ངལ་འཕྲད་བཞིན་པ་རྣམས་ལ་བཀའ་ཤག་གིས་དམིགས་བསལ་དོ་སྣང་ཡོད་པས། དོན་གྲུབ་དབང་ཆེན་ལགས་ལ་སྐུ་ངལ་ཇི་ཡོད་མུ་མཐུད་དོན་གཅོད་ལས་ཁུངས་བརྒྱུད་བོད་མིའི་སྒྲིག་འཛུགས་ལ་གསུང་གནང་ཡོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྔར་བཞིན་ཕྱག་རོགས་གང་ཐུབ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་འདུག་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ཤུགས་སྤར་ཐབས་དང་། གང་ཐུབ་ཀྱིས་ཕྱག་རོགས་ཞུ་རྒྱུ་ནི་བཀའ་ཤག་གི་ལས་འགན་གཙོ་བོ་ཞིག་ཡིན་ཅེས་གསུངས་འདུག

དོན་གྲུབ་དབང་ཆེན་ལགས་ཀྱིས་དཔལྡན་སྲིད་སྐྱོང་མཆོག་ནས་ཐུགས་སྣང་ཆེན་པོས་བཀའ་བརྩད་གནང་བ་བཞིན་བཙོན་ཁང་ནང་གི་གནས་སྟངས་དང་། ད་ལྟའི་བོད་ནང་གི་གནས་སྟངས་ཞིབ་ཕྲ་སྙན་སེང་ཞུས་པ་དང་སྲིད་སྐྱོང་མཆོག་ནས་དོན་གྲུབ་དབང་ཆེན་ལགས་མཇལ་ཐུབ་པར་ཧ་ཅང་གི་དགའ་པོ་བྱུང་ཞེས་བསྐྱར་དུ་གསུང་པ་དང་འབྲེལ། དོན་གྲུབ་དབང་ཆེན་ལགས་ལ་རང་གི་མྱོང་བ་དངོས་རྣམས་ད་ལྟ་དྲན་ཤེས་དུ་ཡོད་པའི་སྐབས་འདིར་ངེས་པར་དུ་དེབ་ཅིག་འབྲི་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ནས་གང་ཐུབ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ཞེས་གསུངས་གནང་འདུག།

བོད་ཀྱི་ལོ་རྒྱུས་ཡིག་ཆ།