19
Fri, Apr

བོད་མདོ་སྨད་རེབ་གོང་དུ་རྒྱ་གཞུང་གིས་བོད་མིའི་ས་ཞིང་བཙན་འཕྲོག་བྱས་འདུག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་མདོ་སྨད་རེབ་གོང་སྒོ་དམར་ཁུལ་དུ་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་མིའི་ས་ཞིང་བླངས་ཏེ་དེང་རབས་འཛུགས་སྐྲུན་ཟེར་བ་མགོ་བརྩམས་པ་ནས་བཟུང་ཁུལ་དེ་དག་གི་བོད་མི་ཚོ་དཀའ་སྡུག་ཆེན་པོའི་ནང་ལྷུངས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རེབ་གོང་སྨད་པ་སྡེ་བ་བདུན་གྱི་ཁོངས་ཀྱི་རི་རྩ་སྡེ་བ་ཡོད་སར་མེ་འཁོར་འབབ་ཚུགས་འཛུགས་རྒྱུ་དང༌། ད་དུང རེབ་གོང་ཞོ་ཕུངས་ཕྱོགས་སི་ཆུ་མཛོད་གསར་རྒྱག་ཀྱིས་གློག་ཁང་བཟོ་རྒྱུ་བཅས་ལ་བརྟེན་ད་ལོ་ཞིང་ཁའང་འདེབས་ལས་མ་བཅུག་པར་གཞུང་བཞེས་བཏང་འདུག ༡༠༡༧ལོའི་ཟླ༣པར་རྒྱ་ནག་གཞུང་གིས་དེང་རབས་ཡར་རྒྱས་དང་འཛུགས་སྐྲུན་ལ་ཁ་གཡར་སྟེ་མདོ་སྨད་རེབ་གོང་གི་སྙན་ཐོག་དང་སྒོ་དམར་སྡེ་བའི་ས་ཞིང་ཨེ་ཀ་ཆིག་སྟོང་ལྷག་རྒྱལ་ཁབ་ལ་གོང་ཁེ་བོ་ཐོག་ངེས་པར་དུ་བཙོང་དགོས་པའི་བཙན་བཀའ་བཏང་ཡོད་པ་རེད།

སྐབས་དེར་ས་གནས་ཡུལ་མི་ཚོ་འདུ་འཛོམས་ཀྱིས་ང་ཚོའི་མི་ཚེའི་རིང་ལ་ས་ཞིང་བཙོང་ནའང་དངུལ་ཅུང་ཙམ་རག་ནས་འཚོལ་བ་འཁྱོལ་ཙམ་ཡོང་རྒྱུ་ཡིན་ནའང་མི་རབས་རྗེས་མའི་བུ་ཕྲུག་རྣམས་ཀྱིས་རང་ཉིད་རྟེན་སའི་འཚོ་བ་ས་ཞིང་མེད་ན་འཚོལ་བ་ཇི་ལྟར་སྐྱེལ་དགོས་སམ་ཞེས་རྫོང་གི་འབྲེལ་ཡོད་གཞུང་ལ་རེ་སྐུལ་བྱས་ཀྱང་དཔོན་རིགས་ཚོས་ཉན་འཇོག་མི་བྱེད་པར་ངེས་པར་དུ་ཁྱེད་ཚོའི་བཙོང་དགོས་པ་དང་མ་བཙོང་ན་མི་ཚོག དེ་ནི་གཞུང་གི་བཀའ་ཞིག་ཡིན་ཚུལ་བཤད་ནས་སྡེ་མི་ཚང་མ་སེམས་སྡུག་ཆེན་པོའི་ནང་ལྷུངས་ཡོད་འདུག

ད་དུང་ཉེ་འཁོར་གྱི་སེང་གཞོང་སྡེ་བ། རྒྱལ་ཚང་མ་སྡེ་བ། ཧོར་རྒྱ་སོགས་སུ་ས་ཞིང་གཞུང་ལམ་ཁ་དང་ཀང་བརྩེགས་སུ་ཁེལ་བ་རྣམས་ཨེ་ལ་རེར་རྒྱ་སྒོར་ཁྲི་༢༥་ཡས་མས་སྤྲད་ནས་མི་བཙོང་ཀ་མེད་ཆགས་ཡོད་འདུག་པས་སྒོ་དམར་སྡེ་བའི་ས་ཞིང་ལ་ཨེ་ཀ་གཅིག་༡ལ་རྒྱ་སྒོར་ཁྱི་༡༣་དང་ཁྲི་༡༤་ཡས་མས་མ་གཏོགས་མི་སྤྲོད་ཟེར་ནས་བཙན་འཕྲོག་བྱེད་བཞིན་ཡོད་ལུགས་གནས་ཚུལ་གནང་མཁན་ནས་འགྲེལ་བརྗོད་གནང་སོང༌།

གསར་འགོད་པ་བསྟན་འཛིན་ནོར་རྒྱས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།