16
Tue, Apr

ང་ཚོ་རྒས་པ་མགྱོགས་ཀྱང་ཤེས་པ་འཕྱི་དྲག

སློབ་གསོ།
ཡིག་གཟུགས་སྒྲིག་ཆས།

སྟོན་ལ་སླེབས་དུས་དབྱར་ཁའི་རླུང་མ་འཚོལ། དགུན་ལ་སླེབས་སྐབས་སྟོན་ཀའི་ཟླ་བ་མ་འཚོལ། མི་ཚེའི་བདེ་སྐྱིད་ཕལ་ཆེ་བ་དུས་ཐུང་ཐུང་ནང་དུ་མེད་པར་འགྱུར་བས། དེ་ལ་ལོངས་སྤྱོད་དང་རོལ་མྱོང་བྱེད་དགོས་པ་གལ་ཆེན་ཡིན་པ་མ་ཟད། ཁྱེད་ཀྱི་མཐའ་འཁོར་དུ་ཡོད་པའི་མི་ཚང་མར་ལྟ་སྟངས་ཡག་པོ་ཞིག་འཛིན་དགོས་པའང་དེ་བས་གལ་ཆེ། དུས་ཚོད་ཡོད་པ་རྣམས་དཀའ་ངལ་ལམ་སེམས་སྡུག་གི་གནས་སུ་བཏང་ན་དོན་མེད་ཡིན།

ང་ཚོ་ཕལ་ཆེ་བས་རེ་སྒུག་ངང་སོ་སོའི་མི་ཚེ་བསྐྱེལ་བ་དང་། མཐའ་མར་མི་ཚེའི་དུས་ཚོད་རྫོགས་ལ་ཉེ་ཁར་གང་ལ་ཡང་སྒུག་ཐུབ་མེད། མི་གཅིག་གི་མི་ཚེ་ནང་མ་འོངས་པའི་གནད་དོན་ཐད་ལ་ནམ་ཡང་ཚོད་དཔག་བྱེད་དཀའ། དེར་བརྟེན། གནས་སྐབས་ཀྱི་བསམ་བློའམ་འཆར་གཞི་གང་ཡོད་པ་རྣམས་ཕྱི་འགྱངས་མི་གཏོང་བར་འཚོ་དགོས་ལ་སེམས་སུ་གང་བསམ་པ་དེའང་བཤད་ཐུབ་པ་དགོས། གང་ཡིན་ཟེར་ན། མི་ཚེ་ནི་ཐུང་ཐུང་ཞིག་ཡིན། མི་ཚེའི་ནང་རང་ཉིད་ཀྱི་ངོས་ནས་ལས་ཀ་གང་ཞིག་བྱེད་རུང་། འདས་ཟིན་པའི་བྱ་བཞག་ལ་འགྱོད་པ་དང་རང་ཉིད་སོ་སོར་སྡང་བར་བྱེད་མི་རུང་། ཁ་སང་ནི་འདས་ཟིན་པས་དེ་ལ་རྗེས་འདེད་གཏོང་མི་ཐུབ་ལ་རེ་བ་ཡང་རྫོགས་པ་ཡིན། དེ་ལས་རྩ་ཆེན་བའི་དེ་རིང་ནི་རིན་ཆེན་གསེར་ལས་དཀོན་པས་བེད་སྤྱོད་ཡག་པོ་གཏོང་དགོས།

རེ་སྒུག་གི་རྐྱེན་པས། གཅེས་འཛིན་བྱེད་དགོས་བསམ་པའི་བྱ་བ་དང་མི་རྣམས་ཡལ་འགྲོ་བ་དང་། སོ་སོའི་སེམས་ནང་ཡོད་པའི་མི་ཡང་ག་ལེར་མེད་པར་གྱུར་འགྲོ སྐབས་དེར། འགྱོད་པ་སྐྱེ་བའི་གནས་ཚུལ་མང་པོ་ཞིག་ལ་འཕྲད་སྲིད། འོན་ཀྱང་། རྗེས་སུ་འགྱོད་སེམས་སྐྱེས་ཀྱང་མི་དེས་ཁྱེད་རང་རྒྱབ་ཏུ་བསྐྱུར་ཟིན་པས་དོན་མེད་ཡིན།

ང་ཚོས་དེ་རིང་གང་བྱེད་དགོས་བསམ་པ་རྣམས་དཀའ་སྡུག་གམ་བར་ཆད་ཅི་འདྲ་ཞིག་ལ་འཕྲད་རུང་། ཕྱི་བཤོལ་མི་བྱེད་པར་དེ་རིང་རང་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེད་བརྟན་པོ་དགོས་ལ་ཉིན་གཅིག་གི་དུས་ཚོད་ཆུད་ཟོས་སུ་གཏོང་མི་རུང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།