18
Thu, Apr

༢༠༢༠་ལོའི་ཟླ་༢་ཚེས་༡༥་ཉིན། སྲིད་སྐྱོང་མཆོག་ལ་ཨོ་སི་ཊི་རི་ཡ་གནས་སྡོད་བོད་མིས་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༡༥་ཉིན། དཔལ་ལྡན་སྲིད་སྐྱོང་མཆོག་གི་འགོ་ཁྲིད་ཀྱི་ལམ་སྟོན་འོག བོད་པའི་སྤྱི་ཚོགས་ཁྲོད་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། སློབ་ཡོན། བཙན་བྱོལ་བོད་མི་གཞིས་ཆགས་སྲ་བརྟན། བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཐུན་འགྱུར། ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ལས་གཞི་མང་དག་ཅིག་ལག་བསྟར་གནང་དང་གནང་བཞིན་ཡོད་པར་བརྟེན། ཨོ་སི་ཊི་རི་ཡ་གནས་སྡོད་བོད་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་་ཡོད་འདུག

དེ་ཡང་། གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་གླིང་ཆེན་གྱི་རྒྱལ་ཁབ་ཨོ་སི་ཊི་རི་ཡའི་(Austria) རྒྱལ་ས་ཝི་ཡ་ནའི་ (Vienna) གནམ་ཐང་དུ་ཕེབས་འབྱོར་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། སུད་སིའི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་བསོད་ནམས་མཐར་ཕྱིན་ལགས། ཨོ་སི་ཊི་རི་ཡ་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས། བོད་སྐྱོབ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Kathrin Muellner) ལགས་ཀྱིས་གཙོས་ཚོགས་པའི་རྒྱུན་ལས་རྣམ་པ། དེ་བཞིན་ས་གནས་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག

ཉིན་དེའི་དགོང་མོར་ས་གནས་བོད་རིགས་ཚོགས་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་དགའ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་དཔལ་ལྡན་སྲིད་སྐྱོང་མཆོག་གི་བོད་དོན་དང་བོད་མིའི་སླད་སྐུ་ལས་སྐྱོན་པ་དང་། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གི་འགོ་ཁྲིད་ཀྱི་ལམ་སྟོན་འོག བོད་པའི་སྤྱི་ཚོགས་ཁྲོད་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། སློབ་ཡོན། བཙན་བྱོལ་བོད་མི་གཞིས་ཆགས་སྲ་བརྟན། བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཐུན་འགྱུར། ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ལས་གཞི་མང་དག་ཅིག་ལག་བསྟར་གམནང་དང་གནང་བཞིན་ཡོད་པར་བརྟེན་ཨོ་སི་ཊི་རི་ཡ་གནས་སྡོད་བོད་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཨོ་སི་ཊི་རི་ཡ་གནས་སྡོད་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་སོགས་བདག་གཅེས་ཉར་ཚགས་བྱས་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ལས་འགུལ་སོགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་ནས་ང་ལ་སྲིད་སྐྱོང་གི་འོས་འདེམས་གནང་བ་ནས་བཟུང་ད་བར་འདས་པ་ལོ་བརྒྱད་དམ་དགུའི་རིང་ངས་བོད་དོན་དང་བོད་མིའི་སླད་ཞབས་འདེགས་ཧུར་ཐག་ཞུ་ཐུབ་པ་བྱུང་བ་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཕྲན་རང་ཉིད་ཀྱི་ཕ་མ། དེ་བཞིན་བོད་རྒྱ་ཆེ་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཡོང་སླད་ཞུ་གཏུག་ལས་འགུལ་སྤེལ་བའི་ཐོག་ནས་འབད་བརྩོད་བྱེད་ཀྱི་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་སྙིང་བསྡུས་གནང་བ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མ་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་འགན་ཁུར་བཞེས་པའི་ཐོག་ནས་བོད་དོན་ལས་འགུལ་སྔར་ལྷག་སྤེལ་སྟེ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོང་རྒྱུར་འབད་བརྩོད་བྱ་དགོས། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཚོགས་པ་ནས་བོད་དོན་དང་བོད་མིར་རྒྱུན་དུ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་བོད་པ་ནི་འཛམ་གླིང་ནང་སྐྱབས་བཅོལ་བ་དྲག་ཤོས་ཤིག་ཆགས་ཡོད། ཅེས་གསུངས།

དེ་ནས་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་བྱས་རྗེས་ལ་བསྔགས་བརྗོད་དང་སྦྲགས། ཨོ་སི་ཊི་རི་ཡ་ཁུལ་གནས་སྡོད་བོད་མི་རྣམས་ནས་མུ་མཐུད་བོད་ཀྱི་ཐུན་མིན་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་འབོད་སྐུལ་ཞུས་ཡོད། མཐར་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་གནང་སྟེ་མཛད་སྒོ་གྲོལ། སྐབས་དེར་བོད་སྐྱོབ་ཞེས་པའི་ཚོགས་པའི་ཚོགས་གཙོ་ཀེ་ཐི་རིན་མུ་ལར་ལགས་དང་ས་གནས་མི་མང་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག

ཡོངས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།