15
Sun, Dec

༢༠༡༩་ལོའི་ཟླ་༡༡་ཚེས་༡༧་ཉིན། རྡ་སར་བོད་ཀྱི་གནམ་གཤིས་ཆེད་དུ་བང་རྒྱུག་གི་ལས་འགུལ་སྤེལ་སོང་།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༡༧་ཉིན། བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ནས་བྷག་སུག་དབར་དུ། ཕོ་མོ་བརྒྱ་ལྷག་གིས་བོད་ཀྱི་གནམ་གཤིས་ཆེད་དུ་རྒྱང་རྒྱུག་གི་ལས་འགུལ་སྤེལ་ནས། བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པའི་འབོད་སྐུལ་བྱས་སོང་།

དེ་ཡང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གིས་གོ་སྒྲིག་འོག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག སྐྱེས་མེད་༦༦་དང་སྐྱེས་པ་༦༠་བཅས་ཁྱོན་བསྡོམས་མི་གྲངས་༡༢༦་ལྷག་གིས་རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་ནས་མོ་ལོ་གྷན་ཇིའི་བྷག་སུག་དབར་དུ་བོད་ཀྱི་གནམ་གཤིས་ཆེད་དུ་རྒྱང་རྒྱུག་བྱས་སོང་།

བོད་ཀྱི་གནམ་གཤིས་ཆེད་དུ་རྒྱང་རྒྱུག་གི་ལས་འགུལ་འདི་སྤེལ་དགོས་དོན་ཐོག བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ངོ་སྤྲོད་གནང་དོན། ལས་འགུལ་འདི་སྤེལ་དགོས་དོན་ནི། བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོསཔ་དང་། འཛམ་གླིང་གི་དབུ་ཁྲིད་ཚོ་ལ་བོད་མཐོ་སྒང་གི་ཁོར་ཡུག་ནི་གོ་ལའི་ཁོར་ཡུག་ལ་གལ་ཆེན་ཡོད་པའི་སྐོར་དང་། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཐོག་གི་ཚོགས་འདུ་ག་འདྲ་ཡིན་ནའང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་གལ་ཆེན་ཡིན་པར་ངོས་འཛིན་བྱེད་དགོས་པ་སོགས་ཡིན། ཞེས་བརྗོད་སོང་།

ལས་འགུལ་འདི་ནི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱིས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཐོག་ཟླ་གཅིག་གི་རིང་ལས་འགུལ་སྤེལ་བའི་ཆ་ཤས་ཤིག་ཡིན་འདུག ལས་གཞི་འདི་ནི་འབྱུང་འགྱུར་ཕྱི་ཟླ་ ༡༢ ནང་དུ་སི་པན་གྱི་རྒྱལ་ས་མ་ཌིར་(Madrid) ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་( COP25 )ཞེས་པ་དེ་འཚོགས་རྒྱུ་ཡིན་པའི་ཐོག་ལ་འབོད་སྐུལ་བཏོན་པ་ཞིག་ཡིན་འདུག འབོད་སྐུལ་དོན་ཚན་ལྔ་ནི།

༡༽བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས། ༢ ༽ བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཉམས་ཞིབ་ཤུགས་ཆེ་རུ་གཏོང་དགོས། ༣ ༽ བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས། ༤ ༽ གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་དགོས། ༥ ༽ བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་གལ་ཆེ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།