15
Sun, Dec

༢༠༡༩་ལོའི་ཟླ་༡༡་ཚེས་༡༤་ཉིན། སུད་སུ་ཇི་ནི་ཝར་༢༠༡༩་ལོའི་ཇི་ནི་ཝ་གླེང་སྟེགས་ཐོག་གསུང་བཤད་གནང་སྐབས།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༡༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཀྱི་ཐོག་ཏུ་མཉམ་ཞུགས་གནང་ནས། བོད་ནང་དུ་རྒྱ་གཞུང་གིས་ཆོས་དད་རང་དབང་ལ་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་ལྷ་སའི་ཇོ་ཁང་གི་ནང་དུ་སྒེའུ་ཁུང་ལས་གསང་ཞིབ་མྱུལ་ལྟའི་པར་ཆས་མང་བར་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག

དེ་ཡང་། སུད་སུའི་གྲོང་འཁྱེར་ཇི་ནི་ཝར་༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཏེ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་ (2019 Geneva Forum on China’s High-Tech Repression and Freedom of Religion) ཞེས་པ་འཚོགས་བཞིན་ཡོད་པ་དང་། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སུད་སུ་གྲོས་ཚོགས་འཐུས་མི་ཁ་ལོ་སོ་མར་རུ་གྷ(Carlo Sommaruga)་མཆོག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཐོག་མཁས་པ་དང་། ལས་འགུལ་བ། གཞུང་ཞབས་པ། སྐུ་ཚབ། བསམ་བློ་བ། སྤྱི་མང་གི་ཚོགས་སྡེ་ཁག་སོགས་མཉམ་ཞུགས་གནང་ཡོད་འདུག གླེང་སྟེགས་དེ་ནི་རྒྱ་དམར་གཞུང་གི་སྡུག་རྩུབ་ཀྱི་སྲིད་གཞུང་འོག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོ་རྟོགས་སྤེལ་ཆེད་ཡིན་འདུག

༢༠༡༩ ལོའི་ཇི་ནི་ཝ་གླེང་སྟེགས་ཏེ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་ཐོག་ཏུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མཉམ་ཞུགས་གནང་ནས་བོད་ནང་དུ་རྒྱ་ནག་གིས་གསང་ཞིབ་མྱུལ་ལྟའི་པར་ཆས་བཙུགས་ནས་བོད་མིའི་ཆོས་དད་རང་དབང་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་བཀག་ཡོད་པའི་སྐོར་སོགས་ཀྱི་ཐོག་གཏམ་བཤད་གནང་འདུག

ཐོག་མར། གླེང་སྟེགས་དེའི་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༡༩་ལོའི་ཇི་ནི་ཝ་གླེང་སྟེགས་ཀྱི་ཐོག་བསྩལ་བའི་བཀའ་སློབ་ལྗག་ཀློག་གནང་ཡོད་པ་དང་། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་ནག་གི་དྲང་བདེན་མིན་པའི་བྱ་སྤྱོད་ལ་ཐེར་འདོན་བྱེད་དགོས་པ་དང་། ཁོང་གིས་གལ་སྲིད་རྒྱ་ནག་རྒྱལ་སྤྱིའི་ཐོག་ཁྲིམས་མཐུན་ཆགས་འདོད་ན། རྒྱ་གཞུང་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་འདུག

དེ་ནས། སྲིད་སྐྱོང་མཆོག་གིས་བོད་པ་དང་། ཡུ་གུར་བ། ལྷོ་སོག་པོ་སོགས་ཀྱི་ཐོག་ལ་རྒྱ་ནག་གིས་ཚད་མཐོའི་འཕྲུལ་རིག་བེད་སྤྱོད་བཏང་ནས་རྒྱ་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། དམིགས་བསལ་བོད་པའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་ཐོག་བརྗོད་དོན། བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་དུ་མཆོད་མེ་ལས་ཉེན་རྟོག་པའི་མེ་མདའ་མང་བ་ཡོད་པ་དང་། སྒེའུ་ཁུང་ལས་གསང་ཞིབ་མྱུལ་ལྟའི་པར་ཆས་མང་བ་ཡོད་པའི་དྲ་ཚིགས་ཁ་ཤིག་གི་ཐོག་གི་ཐོན་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན། ཁོང་གིས་བོད་ནང་དུ་དགོན་པ་མང་པོ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་སྐོར་བརྗོད་དོན། རྒྱ་གཞུང་གིས་བོད་དབང་སྒྱུར་བྱས་པ་ནས་བཟུང་བོད་ཀྱི་དགོན་པ་ཧ་ཅང་མང་པོ་གཏོར་སྐོར་དང་། ལི་ཐང་གི་དགོན་པ་ནི་ཐོག་མར་གཏོར་ཡོད་ཅེས་དང་། དེ་བཞིན་བོད་ནང་གི་ནང་ཆོས་སློབ་གཉེར་བྱེད་ཡུལ་ཆེ་ཤོས་གྲས་བླ་རོང་སྒར་དང་ཡ་ཆེན་སྒར་རྒྱ་གཞུང་གིས་གྲྭ་ཤག་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པ་མ་ཟད། གྲྭ་བཙུན་སྟོང་ཕྲག་འགའ་དགོན་པ་ནས་ཕྱིར་འབུད་བཏང་སྐོར་འགྲེལ་བརྗོད་གནང་འདུག

གཞན་ཡང་། རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐོག་ཐེ་ཇུས་བྱས་དང་བྱེད་བཞིན་ཡོད། འོན་ཀྱང་། རྒྱ་གཞུང་ཆོས་མེད་རིང་ལུགས་ཤིག་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ནི་ཁྲིམས་མཐུན་ཞིག་མིན། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ནི་༸གོང་ས་མཆོག་སྐུ་སྒེར་དང་འབྲེལ་ཡོད་ལ་ཡོད་པ་ལས་གཞན་སུའང་མེད་ཅེས་བརྗོད་འདུག

དེའི་རྗེས། གླེང་སྟེགས་དེའི་སུད་སུ་གྲོས་ཚོགས་འཐུས་མི་ཁ་ལོ་སོ་མར་རུ་གྷ(Carlo Sommaruga)་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་སྐོར་བརྗོད་དོན། བོད་ནི་རྒྱ་ནག་གིས་དབང་སྒྱུར་བྱས་ཡོད་པ་དང། དེ་ནས་༸གོང་ས་མཆོག་དང་བོད་མི་ཚོ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་བཅས་དང་། སྤྱིར་གསང་ཞིབ་མྱུལ་ལྟའི་པར་ཆས་མང་གཙོའི་རྒྱལ་ཁབ་ཁག་གི་ནང་དུའང་བཙུགས་ཡོད། འོན་ཀྱང་། མི་མང་གི་རང་དབང་ལ་རྡོག་རོལ་གཏོང་གི་མེད། ཡིན་ནའང་། རྒྱ་ནག་གི་ནང་དུ་རྒྱ་གཞུང་གིས་གསང་ཞིབ་མྱུལ་ལྟའི་པར་ཆས་བེད་སྤྱོད་བྱས་ནས་མི་མང་གི་རང་དབང་ལ་རྡོག་རོལ་གཏོང་གི་ཡོད། མི་མང་གི་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ཤིག་རྒྱ་ནག་གི་ནང་དུ་མེད་ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་ནས་བརྗོད་དོན། ཁོ་རང་སུད་སུ་གྲོས་ཚོགས་འཐུས་མི་ཞིག་ཡིན་པ་ངོས་ནས་ཁོང་དང་ཁོང་རང་གི་ལས་རོགས་ཚོ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ཚོས་རྒྱ་གཞུང་གིས་བོད་དང་ཡུ་གུར་གྱི་ཐོག་ཏུ་གསང་ཞིབ་མྱུལ་ལྟ་བྱེད་བཞིན་པར་ངོ་རྒོལ་གང་ཐུབ་བྱེད་རྒྱུ་དང་། གྲོས་ཚོགས་འཐུས་མི་ཚོས་སུད་སུ་སྲིད་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་ཆོས་དད་རང་དབང་རྡོག་རོལ་གཏོང་བར་ངོ་རྒོལ་བྱེད་དགོས་པའི་ཐོག་ནུས་ཤུགས་རྒྱག་རྒྱུ་ཡིན། ཞེས་བརྗོད་འདུག

ཟླ་འདིའི་ཚེས་༡༤་ནས་༡༥་ཉིན་གཉིས་ཀྱི་གླེང་སྟེགས་དེའི་ཐོག འཕྲུས་ཆས་དང་མ་འོངས་པའི་འགྲོ་བ་མིའི་ཐོབ་ཐང་། རྒྱ་ནག་ནང་གི་ཚད་མཐོ་འཕྲུས་ཆས་ཀྱིས་མི་མང་གི་ཆོས་དད་ལ་དྲག་གནོན་སོགས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་བཞིན་ཡོད་འདུག གཞན་ཡང་། བོད་ཀྱི་ཆབ་སྲིད་བཙོན་མ་ཕུན་ཚོགས་ཉི་མ་ལགས་ཀྱིས་རྒྱ་ནག་གི་བཙོན་འོག་གི་དཀའ་སྡུག་གི་མྱོང་ཚོར་གྱི་ཐོག་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་ཡང་། ཟླ་འདིའི་ཚེས་༡༣་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སུད་སིའི་གྲོས་ཚོགས་ཁང་དུ་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་པི་རི་སི་ཁ་(Prisca Birrer Heimo) མཆོག་དང་ལྕམ་སྐུ་མར་ཊི་ན་(Martina Munz) མཆོག་གཉིས་དང་ཐུག་གནང་ནས། རྒྱ་ནག་གི་དྲག་གནོན་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་དོན་ཐོག་མུ་མཐུད་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་ནས། སྲིད་སྐྱོང་མཆོག་གིས་སུད་སི་རྒྱལ་ས་བྷན་ (Bern) ནང་དུ་སུད་སིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་སུད་སིའི་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་བཅས་ལ་ཐུག་འཕྲད་གནང་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག

གཞན་ཡང་། སྲིད་སྐྱོང་མཆོག་ལ་སུད་སིའི་འཇར་མན་སྐད་དུ་རྒྱང་སྲིང་གནང་བཞིན་པའི་རླུང་འཕྲིན་དང་བརྙན་འཕྲིན་གྲགས་ཅན་ (Swiss Radio and Television) གྱིས་བཅར་འདྲི་གནང་ཡོད་པ་དང་། ཁོང་སུད་སིའི་ནང་ཕེབས་དགོས་པའི་དམིགས་ཡུལ་སོགས་ཀྱི་སྐོརའགྲེལ་བརྗོད་གནང་འདུག

དེ་བཞིན། སུད་སིའི་ཛུ་རིག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སུད་སིའི་ཉིན་རེའི་ཚགས་པར་གྲགས་ཅན་(Neue Zürcher Zeitung) ཞེས་པའི་ཨ་ཤི་ཡའི་སྡེ་ཚན་གྱི་རྩོམ་སྒྲིག་པ་སྐུ་ཞབས་པ་ཊི་རི་ཀི་ཛོལ་(Patrick Zoll) ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱས་ཡོད་འདུག དེའི་སྐབས། སྐུ་ཞབས་ཊི་རི་ཀི་ཛོལ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བོད་རྒྱ་གྲོས་མོལ་སྐོར་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རང་ལུས་མེར་སྲེག བོད་མཐོ་སྒང་གི་ཁོར་ཡུག འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སོགས་ཀྱི་གནད་དོན་སྐོར་བཅར་འདྲི་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།