23
Tue, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༨་ཉིན། ཨ་རིའི་གྲོས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལི་སི་དང་། འཁྲབ་སྟོན་པ་སྐད་གྲགས་ཅན་རི་ཆར་གྷར། ཨ་མ་རྗེ་བཙུན་པདྨ་ལགས་སོགས། པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༡༤་ཉིན་སྤེལ། ཨ་རིའི་སན་ཧྥི་རན་གཙུག་ལག་སློབ་གཉེར་ཁང་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག བོད་དེ་འཛམ་གླིང་གི་ནང་དུ་གལ་གནད་ག་ཚོད་ཆགས་ཡོད་མེད་དང་། ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་སོགས་ཀྱི་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལི་སི་མཆོག་དང་། འཁྲབ་སྟོན་པ་སྐད་གྲགས་ཅན་རི་ཆར་གྷར་ལགས། ཨ་མ་རྗེ་བཙུན་པདྨ་ལགས་བཅས་ཀྱིས་གཏམ་བཤད་གནང་འདུག

དེ་ཡང་། ཟླ་འདིའི་ཚེས་༨་ཉིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་ཨ་རིའི་སན་ཧྥི་རན་གཙུག་ལག་སློབ་གཉེར་ཁང་གི་མ་ཁི་ལ་རན་ཚོགས་ཁང་དུ། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལི་སི་མཆོག་དང་། འཁྲབ་སྟོན་པ་སྐད་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་བ་རི་ཆར་གྷར། ཨ་མ་རྗེ་བཙུན་པདྨ་ལགས་བཅས་ཀྱིས་ཚོགས་ཞུགས་པ་སུམ་བརྒྱ་ཙམ་དང་ཐད་གཏོང་ཐོག་གི་མི་མང་སོགས་ལ་བོད་དེ་ཅི་ཕྱིར་གལ་ཆེན་ཆགས་ཡོད་དམ། བོད་ཀྱི་གནད་དོན་དང་། ཨ་རིའི་བོད་དོན་རྒྱབ་སྐྱོར་སྲིད་ཇུས་བཅས་ཀྱི་ཐོག་གཏམ་བཤད་གནང་འདུག

དེ་ནས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལེ་སི་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ད་དབར་དུ་ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་དགག་པ་རྒྱག་མཁན་བྱུང་མ་སོང་། གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་འདུག འོན་ཀྱང་། རྒྱ་གཞུང་གིས་ཁྲིམས་འཆར་འདི་ཁྲིམས་ཆགས་པར་བར་ཆད་བྱེད་སྲིད་པའི་ཉེན་ཁ་ཡོད་རེད་ཅེས་བརྗོད་འདུག

ཁོ་མོས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་བརྗོད་དོན། བོད་ཀྱི་ནང་ཆོས་ནང་དུ་བྱམས་བརྩེ་དང་འཚེ་བ་མེད་པ་གསུང་གི་ཡོད། འདི་ཚོར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་། ༸གོང་ས་མཆོག་གིས་ང་ཚོའི་སེམས་ནང་དུ་བརྩེ་བ་ཡོད་དགོས་པ་དང་མི་དགེ་བའི་བསམ་བློ་དོར་དགོས་པའི་སྐོར་སོགས་བླང་དོར་གྱི་བཀའ་སློབ་གནང་ཡོད། ཅེས་བརྗོད་འདུག

དེ་བཞིན། ཁོང་མོས་༢༠༡༥་ལོར་བོད་ནང་དུ་ཕྱིན་སྐབས་ཀྱི་མྱོང་ཚོར་འགའ་བརྗོད་དོན། ང་རང་བོད་ནང་དུ་འགྲོ་སྐབས་ས་ཆ་གང་སར་གསང་ཞིབ་མྱུལ་ལྟ་བྱེད་པའི་པར་ཆས་བཙུགས་འདུག འོན་ཀྱང་། ༸གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་པོ་ཏ་ལ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་སོང་། ཞེས་བརྗོད་འདུག

དེ་ནས། འཁྲབ་སྟོན་པ་རི་ཆར་གྷར་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་གལ་གནད་གལ་ཆེ་ཤོས་ཤིག་ཡིན། ༸གོང་ས་མཆོག་གིས་ཁོང་གི་ཡང་སྲིད་རྒྱ་ནག་གི་ནང་དུ་འཁྲུངས་རྒྱུ་མིན་པར་གསལ་བོ་བཟོ་ཡོད་ཅེས་བརྗོད་འདུག

དེའི་རྗེས། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་ཁོང་མོའི་བོད་ནང་དུ་ཡོད་སྐབས་ཀྱི་མི་ཚེའི་ལོ་རྒྱུས་དང་། རྒྱ་གཞུང་གིས་བོད་ནང་དུ་གཏོར་བཤིག་ག་ཚོད་བཏང་ཡོད་པའི་སྐོར། དེ་བཞིན་བོད་ནང་གི་གནས་སྟངས་ནི་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་འདུག དེ་བཞིན་ཁོ་མོས་མི་རྣམས་ལ་གལ་སྲིད་བོད་ཀྱི་རིག་གཞུང་ཉར་ཚགས་བྱེད་ཐུབ་ན་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ལ་ཞབས་ཞུ་སྒྲུབ་ཐུབ་ཀྱི་རེད་ཅེས་དང་། བོད་མིར་རྒྱབ་སྐྱོར་གནང་བ་དེ་འཛམ་གླིང་གི་ནང་དུ་བྱམས་བརྩེ་དང་ཞི་བདེ་དར་སྤེལ་གཏོང་བར་ཕན་ཐོགས་ཡོང་གི་རེད་བསམས། འདི་ནི་མི་ཚང་མས་བྱེད་ཐུབ་པ་ཞིག་རེད། ཅེས་གསུངས་འདུག

ཚོགས་འདུ་དེའི་ཐོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མར་ཐོ་མར་ཁི་སི་ལགས་དང་། ཚོགས་མི་བསྟན་པ་ཚེ་རིང་ལགས། བསྟན་ཆོས་རྒྱལ་མཚོ་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག