19
Fri, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡༡་ཚེས་༥་ཉིན། ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་ལེགས་པར་མཇུག་གྲུབ་ཏེ། གྲོས་ཆོད་དོན་ཚན་བརྒྱད་བཞག་ཡོད་པའི་ནང་ནས་༸གོང་ས་མཆོག་གི་ཡང་སྲིད་དང་། བོད་ཀྱི་ཁོར་ཡུག སྐད་ཡིག རིག་གཞུང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་སོགས་དང་འབྲེལ་བའི་གྲོད་ཆོད་བཞག་འདུག གཞན་ཡང་། ཚོགས་ཞུགས་པ་ཚོས་བོད་མིའི་སྙིང་སྟོབས་དང་འཚེ་བ་མེད་པའི་ཐབས་ལམ་ལ་བསྔགས་བརྗོད་ཞུས་འདུག

དེ་ཡང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨ་ཇེ་སིང་མན་ཀོ་ཊི་ཡིས། གཞིས་ལུས་བོད་མི་རྣམས་ཀྱིས་འཚེ་བ་མེད་པའི་ལམ་ནས་རྒྱ་གཞུང་གི་གཉའ་གནོན་ལ་ངོ་རྒོལ་དང་། རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་དེས་ང་ཚོ་སེམས་འགུལ་ཐེབས་སོང་། ཞེས་གཞིས་བཞུགས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་གནང་སོང་།

ཚོགས་ཆེན་ཐོག་༸གོང་ས་མཆོག་གི་ཡང་སྲིད་དང་། བོད་ཀྱི་ཁོར་ཡུག སྐད་ཡིག རིག་གཞུང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་སོགས་དང་འབྲེལ་བའི་གྲོད་ཆོད་བཞག་ཡོད་ཅིང་། དེ་ཡང་༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐད་ནས། ༸རྒྱལ་བ་རིན་པོ་ཆེ་ཁོང་ཉིད་དང་དགའ་ལྡན་ཕོ་བྲང་ལ་འགན་དབང་ཡོད་པ་ལས་རྒྱ་གཞུང་ལ་མེད་སྐོར་དང་། བོད་ཀྱི་ཁོར་ཡུག་ནི་བོད་མི་ཙམ་མིན་པར་ཨེ་ཤེ་ཡའི་མི་ས་ཡ་མང་པོའི་འཚོ་རྟེན་དུ་གྱུར་ཡོད་སྟབས། བོད་ཀྱི་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར། དེ་བཞིན་བོད་ཀྱི་སྐད་ཡིག་ནི་ནང་པའི་ཆོས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་པས། བོད་སྐད་ཡིག་དང་དེའི་འབྲེལ་རིག་གཞུང་སྲུང་སྐྱོབ་བྱེད་པ་སོགས་ཀྱི་གྲོས་ཆོད་དོན་ཚན་བརྒྱད་བཞག་འདུག

སྐབས་དེར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་ཆེན་འདིའི་འབྲེལ་བའི་གསུང་བཤད་གནང་སོང་། དེ་ཡང་གསུང་བཤད་ཀྱི་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་བྱུང་རིམ་དང་། བོད་དོན་འཐབ་རྩོད་ལ་འཕྲད་བཞིན་པའི་འགོག་རྐྱེན་དང་དེར་གདོང་ལེན་གནང་ཕྱོགས། བོད་དོན་འཐབ་རྩོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཇི་ལྟར་གཏོང་བའི་སྐོར་དང་། ༸གོང་ས་མཆོག་གི་ཡང་སྲིད་ཀྱི་སྐོར། བོད་ཀྱི་སྐད་དང་རིག་གཞུང་གི་སྐོར། བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བོད་མི་ཙམ་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་འགྲོ་བ་མི་རིགས་སྤྱིའི་བདེ་སྡུག་དང་འབྲེལ་བའི་སྐོར། བོད་རྒྱལ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་སྐོར་སོགས་གསུངས་སོང་།

ད་དུང་མཇུག་སྡོམ་མཛོད་སྒོའི་སྐབས་སུ། སྐུ་ཞབས་ཨ་ཇེ་སིང་མན་ཀོ་ཊི་ཡིས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་མངའ་སྡེ་དང་། རྫོང་ཁག ས་གནས་རིམ་པ་བཅས་ནས་བོད་ཀྱི་རང་དབང་གི་ཐད་ལ་རྒྱབ་སྐྱོར་དགོས་པར་ནན་ཏན་གྱིས་འབོད་སྐུལ་ཞུས་པར་མ་ཟད། བོད་ནང་དུ་སྡུག་བསྔལ་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ། ང་ཚོས་ཁོ་ཚོའི་ཆེད་དུ་རྒྱབ་སྐྱོར་ལས་དོན་སྒྲུབ་བཞིན་ཡོད་པ་ཤེས་སུ་འཇུག་དགོས། ཞེས་གསུངས་སོང་།

ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆེན་ཐོག འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༤༢ ཙམ་ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༨༠ ལྷག་ཙམ་ལྷན་འཛོམས་ཤིང་། དེ་དག་གི་ཁྲོད་དུ་ཆབ་སྲིད་ཀྱི་འགོ་ཁྲིད་དང་། ཁྲིམས་རྩོད་པ། ཤེས་ཡོན་པ་བཅས་ཡོད་འདུག