20
Sat, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༣ཉིན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༣ཉིན། བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་བོད་མིའི་འཐབ་རྩོད་ནི་བདེན་རྫུན་དབར་གྱི་འཐབ་རྩོད་ཅིག་རེད། འཚེ་བ་དང་འཚེ་མེད་ཞི་བའི་དབར་གྱི་འཐབ་རྩོད་ཅིག་རེད། བྱམས་བརྩེ་དང་ཞེ་སྡང་དབར་གྱི་འཐབ་རྩོད་རེད། ཅེས་བརྗོད་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འདི། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཐུན་འགྱུར་འོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་(Core Group for the Tibetan Cause) གོ་སྒྲིག་ཞུས་པ་ཞིག་ཡིན་འདུག དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བཀའ་བློན་རྣམ་པ། བོད་མི་ནང་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན། སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། སྐུ་ཚབ་དོན་གཅོད་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཕྱི་རྒྱལ་ཁབ་༤༢་ནས་ཕེབས་པའི་ཆབ་སྲིད་ཀྱི་འགོ་ཁྲིད། གྲོས་ཚོགས་འཐུས་མི། སྲིད་ཇུས་ཉམས་ཞིབ་པ། བོད་དོན་རྒྱབ་སྐྱོར་བ། མང་གཙོ་རྒྱབ་སྐྱོང་བ། ཤེས་ཡོན་པ། བཅས་ཁྱོན་མི་གྲངས་ ༡༨༠ ལྷག་ཙམ་མཉམ་ཞུགས་གནང་འདུག

ཐོག་མར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ངོ་སྤྲོད་གནང་རྗེས། རྒྱ་གར་ནང་དུ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་སུམ་བརྒྱ་ཡོད་པར་ངོ་སྤྲོད་གནང་སོང་། ༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་ཀྱི་གནད་དོན་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད། མགོན་པོ་མཆོག་གིས་ཐུགས་བརྩོན་ཉག་གཅིག་ལ་བརྟེན་ནས་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ལ་གཞི་བཅོལ་བའི་བོད་བརྒྱུད་ནང་བསྟན་རིག་གནས་ད་ཆ་རྒྱ་གར་ནང་དུ་ཙམ་མ་ཟད། འཛམ་གླིང་ཡོངས་ལ་དར་འཕེལ་ཐུབ་རྒྱུར་ཕན་ཐོགས་རླབས་ཆེན་བྱུང་ཡོད། ང་ཚོས་བོད་ནང་དུ་རང་དབང་སླར་གསོ་ཡོང་བར་སྙིང་ཐག་པ་ནས་རྒྱབ་སྐྱོར་དུས་རྟག་ཏུ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན། སྟོབས་ཆེན་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་མི་མང་གི་མངོན་འདོད་དུས་ནམ་ཡང་དྲག་པོའི་ཐོག་ནས་རྡོག་རོལ་གཏོང་ཐུབ་ཐབས་མེད། དེར་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པ་དཔེར་ན་ཧོང་ཀོང་ནང་ལ་གཟིགས་དང་། མི་མང་ཚོས་རང་དབང་གི་དོན་དུ་བློས་གཏོང་ཇི་ཙམ་གནང་བཞིན་འདུག ཀུན་གྱི་མཐོང་ཆོས་སུ་ཡོད། དེར་བརྟེན་ང་ཚོས་ནམ་ཡང་ཞུམ་པ་མེད་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ནི་བདེན་རྫུན་དབར་གྱི་འཐབ་རྩོད་ཅིག་རེད། འཚེ་བ་དང་འཚེ་མེད་ཞི་བའི་དབར་གྱི་འཐབ་རྩོད་ཅིག་རེད། བྱམས་བརྩེ་དང་ཞེ་སྡང་དབར་གྱི་འཐབ་རྩོད་རེད།

ང་ཚོ་ཚང་མས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་གི་ཐུགས་རྗེའི་ལམ་སྟོན་འོག་བོད་དོན་རྒྱབ་སྐྱོར་གྱི་ལས་ཀ་བྱེད་བཞིན་ཡོད། ཁོང་གིས་༸སྐུ་ཚེའི་ནང་དཀའ་སྡུག་ཧ་ཅང་མྱངས་གནང་མཛད་ཡོད་ཀྱང་མགོན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་འཁོན་འཛིན་སྤངས་པའི་བྱམས་བརྩེ་དང་བཟོད་བསྲན་ཉམས་བཞེས་དགོས་པའི་ལམ་སྟོན་མཛད་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་དེར་རྒྱ་ནག་གཞུང་གིས་དྲག་པོའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། ལོ་རྒྱུས་ཐོག་ནས་ཀྱང་དུས་རྟག་ཏུ་བདེན་པར་རྒྱལ་ཁ་ཐོབ་ཡོད། དེར་བརྟེན་བོད་ཀྱི་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་རྒྱུ་ཡིན་ངེས།

ང་ཚོས་འདིར་བོད་དོན་རྒྱབ་སྐྱོར་ཆེད་དུ་ཡོང་བ་ནི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཁྲོད་ཤོག་བུ་གཅིག་ཁ་སྣོན་བྱས་པ་དང་མཚུངས། ང་ཚོ་གསོན་པའི་རིང་བོད་དོན་བདེན་མཐའ་མ་གསལ་ཡང་ཉིན་གཅིག་བོད་དོན་བདེན་མཐའ་ངེས་པར་གསལ་ངེས་རེད། དུས་སྐབས་དེར་ང་ཚོས་ཕྱི་མིག་ལྟ་སྐབས་ལོ་རྒྱུས་ཀྱི་དྲང་བདེན་གྱི་ཕྱོགས་སུ་ལངས་འདུག་བསམ་པ་ཞིག་ངེས་པར་དུ་ཡོང་གི་རེད།

ང་ཚོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་གྲོས་ཆོད་གཉིས་གཏན་འབེབས་བྱས་ཡོད། དང་པོ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བཞིན་ཡོད། དེར་བརྟེན་ང་ཚོས་ཐེ་ཚོམ་སོམ་ཉི་མེད་པར་རྒྱབ་སྐྱོར་ཞུ་དགོས་པ་དེ་རེད། གཉིས་པ་དེར་དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སེལ་དགོས་སྟབས། བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་བསྐྱར་གསོ་ཡོང་ཐབས་ཞུ་རྒྱུ་དེ་རེད།

སྤྱིར་བོད་དོན་བདེན་མཐའ་གསལ་ངེས་པ་ཞིག་རེད། འོན་ཀྱང་ང་ཚོས་ཛ་དྲག་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་༸སྐུ་གསེར་ཞལ་འཚོ་བཞུགས་རིང་རང་ཡུལ་བོད་དུ་ཕྱིར་གདན་འདྲེན་ཞུ་ཐུབ་པ་བྱུ་རྒྱུའི་འབད་བརྩོན་གང་ཡོད་ཞུ་དགོས། ང་ཚོའི་སྲིད་བློན་མཆོག་ནས་ཀྱང་དུས་ཚོད་རན་པོ་ཞིག་ལ་བོད་དོན་ཐོག་ངེས་པར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། འདས་པའི་ལོ་ཤས་ནང་དུ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་མ་བཟོད་ནས་ད་བར་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན་རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ རིང་བོད་ས་བཙན་བཟུང་བྱས་ཀྱང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་གནས་པ་གསལ་པོར་མཚོན། ང་ཚོས་ཀྱང་བོད་མིའི་སྙིང་སྟོབས་ལ་རྒྱབ་སྐྱོར་ཞུ་ཐོག་རྒྱ་ནག་དྲག་པོའི་རིང་ལུགས་དེ་རྩ་མེད་དུ་གཏོང་དགོས། ཞེས་སོགས་གསུངས།

དེ་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ཁྱེད་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བདེན་པ་དང་འཚེ་བ་མེད་པར་རྒྱབ་སྐྱོར་གནང་བ་ཞིག་མཚོན། བོད་མིའི་རང་དབང་ཤོར་ནས་ལོ་ངོ་ ༦༠ སོང་ཡང་རྣམ་པ་ཚོའི་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་བ་དེས་ང་ཚོའི་སྙིང་སྟོབས་དང་ཆོད་སེམས་རྒྱུན་དུ་གསོན་གནས་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་འདུག ཐོག་མ་ང་ཚོ་བཙན་བྱོལ་དུ་འབྱོར་མཚམས་བོད་དོན་ཐོག་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་དེ་ཙམ་མེད། འོན་ཀྱང་ཕྱི་ལོ་ ༡༩༨༠ ལོ་མཇུག་ཙས་ནས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཇེ་ཆེར་ཕྱིན་ཡོད། དེར་བརྟེན་ཕྱི་ལོ་ ༡༩༩༠ ལོར་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཆེས་ཐོག་མ་དེ་ཚོགས་པ་རེད། ད་ལྟར། ང་ཚོར་རྒྱལ་སྤྱིའི་ཁྱོན་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༥༠ ལྷག་ཡོད་སོགས་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ངོ་འཛིན་གནང་ཕྱོགས་ཀྱི་ཐོག་ཐེ་གཏོགས་བྱེད་ཀྱི་ཡོད་སྐོར་དང་། བོད་ནང་གི་ཛ་དྲག་གནས་ཡོད་སོགས་ཀྱི་གསུངས་སོང་། ང་ཚོ་སླར་ཡང་དུས་རབས་༡༩༩༠་ནང་དུ་ཕྱིར་ལོག་གི་ཡོད། ཉེ་སྔོན། ལི་བྷ་ཎོན་དང་། ཨེ་རན་ཁི། ཧོང་ཀོང་། ཊར་ཁེ། འཛམ་གླིང་ས་ཕྱོགས་གང་སར་མི་མང་གིས་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད། ལི་བྷ་ཎོན་དང་ཨེ་རན་ཁི་ནང་དུ་མི་མང་གིས་ངོ་རྒོལ་རྐྱེན་གྱིས་རྒྱལ་ཁབ་དེ་གཉིས་ཀྱི་སྲིད་བློན་དགོངས་པ་ཞུ་དགོས་བྱུང་སོང་། དེ་བཞིན་༡༩༩༠་ཡི་ནང་དུ། བོད་ནང་དང་བོད་ཕྱི་ལོགས་སུ་བོད་ཀྱི་ལས་འགུལ་གྱི་ཚད་མཐོ་ཤོས་སླེབས་ཡོད། ལས་འགུལ་དེ་དག་གིས་འཛམ་གླིང་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད། དེར་བརྟེན། བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་བོད་པ་ཚོས་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་འཛམ་གླིང་ཐོག་བོད་དོན་གྱི་ལས་འགུལ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་འདུག་སོགས་གསུངས་སོང་།

དེ་ནས་སྲིད་སྐྱོང་མཆོག་དང་། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་དྭགས་པོ་བསོད་ནམ་ནོར་བུ་མཆོག སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ལགས། ཐེ་ཝན་བོད་ཀྱི་དོན་གཅོད་པ་ཟླ་བ་ཚེ་རིང་ལགས་སོགས་ཀྱིས་རྒྱ་ནག་གི་ཁུངས་ལྡན་ཡིག་ཆ་ཁག་ལ་གཞི་བཞག་ནས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པའི་རྒྱ་སྐད་ཡིག་ཐོག་ཡོད་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

མཐའ་མར། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་སོང་།