16
Tue, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༢༨་ཉིན། རྡ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ། སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ས་མུལ་བྷེ་རོན་བྷེག་མཆོག་གིས་གསུང་བཤད་གནང་བཞིན་པ། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡༠་ཚེས་༢༨་ཉིན། བཞུགས་སྒར་རྡ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་གསར་པའི་ནང་དུ། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་ཚོགས་སོང་། དེའི་ཐོག སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ས་མུལ་མཆོག་གིས་རྒྱ་ནག་ལ་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཞེས་གསུངས་སོང་།

དེ་ཡང་། རྡ་སའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པ་བོད་ཀྱི་གར་གླུའི་རིག་རྩལ་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་ཐོག སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་ས་མུལ་བྷེ་རོན་བྷེག་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོ་པའི་བཀའ་བློན་རྣམ་པ། མཁས་དབང་། ཕྱི་རྒྱལ་བ། ཟློས་གར་ཚོགས་པའི་ལས་བྱེད་རྙིང་གྲས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་སོགས་མི་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་ཚང་མར་འཚམས་འདྲི་ཞུས་པ་དང་སྦྲགས། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་འདི་ནི། ཨ་རིའི་རོགས་སྐྱོར་ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱིས་དངུལ་རོགས་གནང་ནས། བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གཉིས་ཀྱི་ཐུན་མོང་གིས་གོ་སྒྲིག་བྱས་པ་ཡིན། ཚོགས་ཆེན་འདིས་བོད་ཀྱི་ཟློས་གར་དང་རོལ་དབྱངས་ལ་དོ་དབྱིངས་ཡོད་མཁན་ཚོར་ཤེས་རྟོགས་ཆེན་པོ་ཡོང་གི་རེད་བསམས་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

དེ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་དོན། སྐུ་མགྲོན་གཙོ་བོ་ས་མུལ་བྷེ་རོན་བྷེག་མཆོག་ལ་འདིར་འཕེལ་པ་ཐུགས་རྗེ་ཆེ་ཞུ། ཁྱེད་འདིར་འཕེལ་པ་ནི་རྒྱ་ནག་ལ་བརྡ་ལེན་ཤུགས་ཆེན་ཞིག་སྤྲོད་ཀྱི་ཡོད། ཨ་རི་བོད་དང་མཉམ་དུ་ཡོད་ཅེས་པའི་བརྡ་ལེན་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་བོད་ནང་གི་བོད་མིར་རེ་བ་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་བོད་མི་ཚོར་རང་དབང་སླར་གསོ་ཆེད་དུ་རོགས་རོམ་བྱེད་ཀྱི་ཡོད། ཆོས་དད་དབང་ནི་ཡོངས་ཁྱབ་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མི་སྤྱིར་དབང་བའི་ཐོབ་ཐང་ཞིག་རེད། ཁོང་ནི་བོད་དང་ཡུར་གུར་སོགས་ཀྱི་ཆོས་དད་ལྡན་རང་དབང་ཐོག་ཤུགས་སྣོན་རྒྱག་མཁན་ཞིག་རེད། དེའི་སྔོན། ཁོང་གིས་ཨ་རིར་ཆོས་དད་རང་དབང་ཚོགས་ཆེན་ཐོག་བོད་པའི་སྐུ་ཚབ་ཐེངས་གཉིས་གདན་འདྲེན་ཞུས་ནས་བོད་ནང་གི་ཆོས་དད་རང་དབང་ཐོག་གཏམ་བཤད་བཤད་ཡོད། ཨ་རིའི་གཞུང་གིས་རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་གསུང་བཤད་ཤུགས་ཆེན་གནང་གི་ཡོད། དེ་བཞིན་བོད་མིར་རོགས་དངུལ་ཡང་གནང་གི་ཡོད། དེར་བརྟེན། ཨ་རིར་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

དེའི་རྗེས། སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གཙོས་པའི་བོད་མི་ཚོ་ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་སྐབས་ཀྱི་གནས་སྟངས་དང་། བོད་ཀྱི་སྨན་རྩིས་ཁང་དང་བོད་ཀྱི་ཟློས་གར་ཚོགས་པ། སློབ་གྲྭ་དང་དགོན་པ་སོགས་བཙུགས་པའི་སྐོར། ད་ལྟའི་ཆར། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཉར་ཚགས་ལེགས་པོ་བྱས་ཐུབ་ཡོད་པའི་སྐོར་སོགས་གསུངས་སོང་།

དེ་ནས་ཁོང་གིས་མུ་མཐུད་ནས་བོད་ནང་གི་ཆོས་དད་རང་དབང་མེད་པའི་སྐོར་དང་། ད་བར་རྒྱ་གཞུང་གི་གཉའ་གནོན་འོག་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་༡༥༠་ལྷག་བྱུང་ཡོད། བོད་ནང་གི་དགོན་པ་༦༠༠༠་ལྷག་གཏོར་བཤིག་བཏང་ཡོད་པའི་སྐོར་། རྒྱ་གཞུང་གིས་བླ་རོང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་བཏང་ནས་བཙུན་མ་ག་ཚོད་ཅིག་གིས་རང་སྲོག་བཅད་པའི་སྐོར། པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་ལ་བོད་ནང་དུ་དགོན་པ་སོགས་གཏོར་བཤིག་བཏང་ཡོད་པའི་ཐོག་སྙན་ཞུ་འཕུལ་ཡོད་ཀྱང་རྒྱ་གཞུང་གིས་ངོས་ལེན་བྱས་མེད་པའི་སྐོར། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྲོལ་རྒྱུན་སོགས་རྩ་མེད་གཏོང་བཞིན་ཡོད་ཅེས་གསུངས་སོང་།

དེའི་རྗེས། སྐུ་མགྲོན་གཙོ་བོ་ས་མུལ་མཆོག་གིས་གསུང་དོན། ང་འདིར་སླེབས་ནས་ཆོས་དད་རང་དབང་ཀྱི་ཐོག་ལ་གཏམ་བཤད་ཤོད་པ་ཡོང་ཡིན། ཆོས་དད་རང་དབང་ནི་མི་ཚང་པར་ཡོད་དགོས་པ་ཞིག་རེད། གཞུང་གིས་ངེས་པར་དུ་མི་མང་གི་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་དགོས། ཨ་རི་ཡིས་བོད་ལ་རོགས་རོམ་བྱེད་ཀྱི་ཡོད། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་བརྩི་བཀུར་བྱེད་ཀྱི་ཡོད། བོད་ཀྱི་རིག་གཞུང་ནི་འགྲོ་བ་མིའི་རིགས་ཀྱི་ནོར་ལྟ་བུ་ཡིན། དེར་སྲུང་སྐྱོབ་བྱེད་དགོས། བོད་ཀྱི་ཆོས་དང་རིག་གཞུང་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བྱུང་ཡོད། བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་ཀྱི་ས་ཕྱོགས་གཞན་པར་རིག་གཞུང་དང་ཆོས། སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད། འདི་ཚོ་བོད་མི་ཚོས་བཙན་བྱོལ་ནང་དུ་སྲུང་སྐྱོབ་བྱེད་ཐུབ་ཡོད།

ཨ་རི་ཡིས་དམིགས་བསལ་རྒྱ་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སེམས་འཚབ་བྱེད་ཀྱི་ཡོད། ང་ཚོས་རྒྱ་གཞུང་ལ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་རྩིས་བྱེད་དགོས་ཅེས་ནན་སྐུལ་བྱེད་ཀྱི་ཡོད། དེ་བཞིན། རྒྱ་དམར་གཞུང་གིས་བོད་ནང་གི་དགོན་པ་ཚོའི་ནང་དུ་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་བྱེད་མི་ཆོག་སོགས་ལ་སེམས་འཚབ་བྱེད་བཞིན་ཡོད། ༸པཎ་ཆེན་བླ་མ་གཙོ་པའི་བོད་ཀྱི་བླ་མ་བཅས་ལ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད། དེ་ཚོ་ནི་ཆོས་དད་རང་དབང་བཀག་འགོག་བྱས་པ་རེད། དེའི་སྔོན་ཙམ། བཙན་བྱོལ་བོད་མི་ཚོས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་ཐོག་རྒྱ་གཞུང་གིས་ཐེ་གཏོགས་བྱེད་པར་རྒོལ་ལེན་སྤྲད་ཡོད་པ་དང་། ཨ་རི་ཡིས་དེ་བཞིན་བྱེད་ཀྱི་རེད། རྒྱ་གཞུང་གིས་ཐེ་གཏོགས་གང་ཡང་མེད་པའི་ཐོག་ནས་བོད་ལ་རང་ཉིད་ཀྱི་བླ་མ་འདེམས་པའི་དབང་ཆ་ཆ་ཚང་ཡོད་དགོས།

ཨ་རིའི་གཞུང་གིས་རྒྱ་ནག་དང་མཉམ་དུ་བོད་ཀྱི་གནད་དོན་ཐོག་མུ་མཐུད་ནས་གླེང་རྒྱུ་དང་བོད་རྒྱའི་གྲོས་མོལ་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཨ་རིའི་གཞུང་གིས་རྒྱ་ནག་ལ་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་མིར་སྨྲ་བརྗོད་རང་དབང་སྤྲོད་དགོས་པའི་ནན་སྐུལ་བྱེད་བཞིན་ཡོད།

ཨ་རི་དང་བོད་ཀྱི་འབྲེལ་བ་མི་དམིགས་བསལ་ཞིག་ཡོད། གཉིས་ཀས་བྱམས་བརྩེ་གཞི་རྩར་འཛིན་གྱི་ཡོད་པ་དང་། ཁྲིམས་ལ་སྲུང་བརྩི་བྱེད་ཀྱི་ཡོད། སྔོན་མར་ཨ་རིའི་སྲིད་འཛིན་མཆོག་གིས་༸གོང་མཆོག་ལ་ཆུ་ཚོད་གནང་ཡོད། ཨ་རིའི་མི་ལོ་རྟག་རྡ་རམ་སར་སླེབས་ནས་ནང་ཆོས་སྦྱོང་གི་ཡོད། བོད་དང་ཨ་རིའི་འབྲེལ་བ་ནི་ལོ་རེ་ནས་ཐག་ཉེ་ནས་ཉེ་རུ་འགྲོ་བཞིན་ཡོད། ང་ཚོས་བོད་དང་མཉམ་དུ་ཡོད། བོད་མིར་དབུ་ཁྲིད་བླ་ན་མེད་པ་ཞིག་ཡོད། དེ་ནི་༸གོང་ས་ཏཱ་ལའི་བླ་མ་རེད། ཁོང་ནི་འཛམ་གླིང་སྤྱི་ཡོངས་ཀྱི་སེམས་འགུལ་ཐེབས་ཡུལ་ཞིག་ཡིན། ཨ་རི་གཞུང་གི་བོད་ཀྱི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་སོགས་གསུངས་སོང་།།