13
Wed, Nov

༢༠༡༩་ལོའི་ཟླ་༡༠་ཚེས་༡༦་ཉིན། སྲིད་སྐྱོང་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལོ་རན་ཝིན་ཛེ(Loránt Vincze) དང་མཇལ་འཕྲད་གནང་སྐབས། པར། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

བོད་དོན་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༢༡་ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷལ་ཇམ་ལ་ཕེབས་ནས། ཡུ་རོབ་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས། ཡུ་རོབ་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟེ། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་མགྱོགས་མྱུར་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༦་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཅིག་སྤྱི་མཐུན་རྒྱལ་ཁབ་ནས་བྷལ་ཇམ་རྒྱལ་ས་བྷལ་སེལ་དུ་སླེབས་སྐབས། བོད་མི་ཚོས་གནམ་ཐང་དུ་ཕེབས་བསུ་ཞུས་འདུག དེའི་རྗེས། སྲིད་སྐྱོང་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལོ་རན་ཝིན་ཛེ(Loránt Vincze) དང་མཇལ་འཕྲད་གནང་ནས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གསུངས་འདུག་པ་དང་། དེ་ནས་ཡོ་རོབ་གྲོས་ཚོགས་འཐུས་མི་ཚོས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས་པ་སྦྲགས། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས་འདུག

དེ་ནས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཐུན་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་གོ་སྒྲིག་འོག ༸གོང་ས་ཏཱ་ལའི་བླ་མའི་ངོ་སྲིད་ཞེས་པའི་བརྗོད་གཞི་ཐོག་ལྷན་ཚོགས་ཚོགས་ཡོད་འདུག དེའི་ཐོག སྲིད་སྐྱོང་མཆོག་གིས་ ༸རྒྱལ་བའི་ཡང་སྲིད་སྐོར་གསུང་བཤད་གནང་འདུག ལྷན་ཚོགས་ཐོག་གཞུང་འབྲེལ་གནད་ཡོད་མི་སྣ་དང་། རིག་པའི་བང་མཛོད་ཀྱི་སློབ་སྟོན་པ། ནང་པའི་ཆོས་ཚོགས་ཀྱི་ཚོགས་མི་དང་སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་མཉམ་ཞུགས་གནང་ཡོད་འདུག དེའི་སྐབས་སུ། སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་སྔ་ལོར་ཝེ་ཊི་ཁན་(Vatican) དང་ལྷན་གན་ཡིག་ཅིག་བཞག་ནས། རྒྱ་ནག་ནང་ཡེ་ཤུའི་མཆོད་དཔོན་(Bishop)བསྐོ་གཞག་བྱ་རྒྱུའི་བདག་དབང་ཐོབ་ཐང་བྱས་པའི་བྱ་སྤྱོད་དེ། ད་ཆ་འཛམ་གླིང་ས་གནས་གཞན་དང་གཞན་དུ་ལག་བསྟར་བྱེད་བཞིན་པ་དེར་ཡིད་གཟབ་དགོས་སྐོར་གསུངས་ཡོད་པ་མ་ཟད།

འདི་ལོའི་ཕྱི་ཟླ་ ༧ ནང་དུ་། རྒྱ་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་ཁག་གཅིག་ཆེད་མངགས་བོད་དུ་གཞུང་འབྲེལ་མགྲོན་འབོད་བྱས་ནས། རྒྱ་གར་གཞུང་གིས་འབྱུང་འགྱུར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱས་ཚེ་འགྲིག་ཐབས་རྩ་བ་ནས་མེད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུ་དེ། རྒྱ་ནག་གཞུང་ཁོ་ནར་བདག་དབང་ཡོད་ཚུལ་ཧམ་བཤད་བྱས་པ་བརྒྱུད། རྒྱ་གར་ལ་ཉེན་བརྡ་བཏང་ཡོད་པ་གསུངས་འདུག

དེ་ནས། ཟླ་འདིའི་ཚེས་༡༧་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྦེལ་ཇམ་རྒྱལ་ས་སྦར་སེལ་དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཌི་ས་སོ་ལི་(David Sassoli) མཆོག་གིས་གཙོ་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་པེ་ཊ་ར(Petra De Sutter) མཆོག་དང་། སྐུ་ཞབས་ཌི་ནེ་ཤེ(Dinesh Dhamija) མཆོག དེ་བཞིན་སྐུ་ཞབས་ཐོམ་མ་སུ(Tomas Zdechovsky) མཆོག་བཅས་ཀྱི་ལས་ཁུངས་སུ་བཅར་ནས། ཁོང་རྣམས་དང་མཇལ་འཕྲད་གནང་འདུག་པ་དང་། ཁོང་རྣམ་པར་བོད་དོན་ཐོག་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་མ་ཟད། མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག ཁོང་ཚོས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཡང་གནང་འདུག

དེའི་རྗེས། སྲིད་སྐྱོང་མཆོག་སྦེལ་ཇམ་གྲོས་ཚོགས་གོང་མའི་ནང་ཕེབས་ནས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ས་བྷི་ནེ(Sabine de Bethune) མཆོག་དང་། ལྕམ་སྐུ་ ཨེ་ལེ་སུ(Els Van Hoof) མཆོག་བཅས་དང་མཇལ་འཕྲད་གནང་འདུག མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། དེ་ནས་རྒྱ་ནག་གཞུང་གིས་ ༸རྒྱལ་བའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཆབ་སྲིད་ཀྱི་དགོས་མཁོར་མཐོང་ནས་ངན་བྱུས་སྣ་ཚོགས་གཤོམ་བཞིན་པའི་སྐོར་གསལ་བཤད་ཞིབ་ཕྲ་གནང་འདུག དེ་བཞིན། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ནི་༸གོང་ས་མཆོག་སྐུ་སྒེར་ཁོ་ནར་དབང་ཆ་ཡོད་པ་དང་། ཆོས་མེད་སྨྲ་བ་དམར་ཕྱོགས་སྲིད་གཞུང་གིས་དེར་ཐེ་བྱུས་བྱེད་མི་རུང་བ་གསུངས་འདུག

ཁོང་གིས་མུ་མཐུད་ནས། དེང་སྐབས་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་འོག་རྒྱལ་སྤྱིའི་ཁྱོན་དུ་མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་གཏོང་ཐབས་བྱེད་བཞིན་ཡོད་ཅིང་། དེར་ཚང་མས་ཡིད་གཟབ་དགོས་པའི་གནད་དོན་ཞིག་ཡིན་པ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་སྟེ། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་མགྱོགས་མྱུར་སེལ་ཐབས་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

བོད་ཀྱི་གནད་དོན་སེལ་དགོས་པ་དེ་ནི་བོད་མི་ཙམ་མ་ཟད། གོ་ལའི་གནམ་གཤིས་ལའང་ཧ་ཅང་འབྲེལ་བ་ཡོད་ཅིང་། ལྷག་པར་དུ། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་དཔལ་འབྱོར་ནི་སྤྱི་ལ་འབྲེལ་བ་ཡོད་པར་བརྟེན། ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་པར་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་ཡོད་འདུག གྲོས་ཚོགས་འཐུས་མི་ཚོས་ཀྱང་སྲིད་སྐྱོང་མཆོག་གིས་གསུངས་པར་ མོས་མཐུན་གནང་ཡོད་པ་དང་དེར་རྒྱབ་སྐྱོར་བྱེད་རྒྱུའི་ཁས་ལེན་ཡང་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།