19
Fri, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གསུང་བཤད་གནང་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༥་ཉིན། བཞུགས་སྒར་རྡ་སའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ། དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཉིན་མཐའ་མའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་བོད་མི་ཚོར་༸གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད། དེར་བརྟེན། ལོ་རྗེས་མ་ནི་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞེས་པའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ཚང་མས་དེའི་ནང་དུ་ཆ་ཤས་ལེན་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་སོང་།

དེ་ཡང་། བཞུགས་སྒར་དུ་བསྐོ་ཚོགས་གནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པའི་ཉིན་མཐའ་མར། བོད་མི་མང་ཚོགས་ཀྱི་སྐུ་ཚབ་ཁྱོན་རྒྱལ་ཁབ་ ༢༤ ནས་ཚོགས་བཅར་བ་གྲངས་ ༣༤༠ ལྷན་འཛོམས་ཀྱིས་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རྣམས་ནི། དང་པོ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། གཉིས་པ། ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་བོད་གངས་ཅན་པའི་བསྟན་དང་འགྲོ་བའི་དོན་དུ་ངེས་ཕེབས་ཡོང་བ་ཚོགས་ཆེན་འདིའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་མགྲིན་དབྱངས་གཅིག་གྱུར་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ།

གསུམ་པ། ༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད། བཞི་པ། རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་བཞག་འདུག

བརྗོད་གཞི་དང་པོ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཐད། ཚོགས་ཆུང་སོ་སོའི་རྒྱབ་གཉེར་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་ཡིག་ཐོག་ཏུ་གང་ཡོད་པ་རྣམས་བཀའ་སྤྱི་གཉིས་ནས་བཀའ་བསྡུར་དཔྱད་ཞིབ་ཀྱིས་ལག་བསྟར་གནང་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག གྲོས་ཆོད་བཞག་ཐུབ་པ་དེ་རྒྱ་ནག་ལ་བརྡ་ལེན་གསལ་བོ་ཞིག་དང་རྒྱལ་སྤྱིའི་ཐོག་ལ་ང་ཚོའི་ལངས་ཕྱོགས་གསལ་བོ་བཟོས་ཐུབ་ཡོད། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་དག་ལ་ང་ཚོས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐོག་སྤྱི་མོས་ཀྱི་ཁྲིམས་ཆོད་འདི་བཞག་ཡོད། དེའི་ཐོག་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་ཆོག་ཆོག་ཡོད་རེད། ཁ་གསལ་བོ་ཆགས་ཡོད། དེ་མ་གཏོགས། རྒྱ་ནག་གི་ལངས་ཕྱོགས་གསལ་བོ་ཡོད་པ་དང་། ང་ཚོའི་ལངས་ཕྱོགས་གསལ་བོ་མེད་ན། འགྲིག་གི་ཡོད་མ་རེད། ད་ཐེངས་ལངས་ཕྱོགས་གསལ་བོ་བཟོས་ཐུབ་པ་བྱུང་བར་ཡག་པོ་ཞེ་དྲག་བྱུང་སོང་།

བོད་མི་ཚོར་༸གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་མེད། དེར་བརྟེན། ལོ་རྗེས་མ་ནི་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞེས་པའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ཚང་མས་དེའི་ནང་དུ་ཆ་ཤས་ལེན་རྒྱུའི་རེ་བ་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཐད། རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་ཡིག་ཐོག་ཏུ་གང་ཡོད་པ་རྣམས་བཀའ་སྤྱི་གཉིས་ནས་བཀའ་བསྡུར་དཔྱད་ཞིབ་ཀྱིས་ལག་བསྟར་གནང་རྒྱུ་ཡིན་ཞེས་གསུངས་སོང་།