18
Thu, Apr

༢༠༡༩་ལོའི་ཟླ་༩་ཚེས་༡༠ ཉིན། སྲིད་སྐྱོང་མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་འདུག

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༡༦་ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིར་མཚམས་གཟིགས་ཕེབས་ཡོད་པ་དང་། དེའི་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད་གནང་ནས་བོད་དོན་ཐོག་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུས་འདུག

དེ་ཡང་། ཟླ་འདི་ཚེས་༡༠་ཉིན། སྲིད་སྐྱོང་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་རེ་སྦུན་ཁང་(Rayburn House) ཞེས་པའི་ནང་དུ། སྣེ་ལེན་མཛད་སྒོའི་ཐོག ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་མཉམ་འབྲེལ་ཚོགས་ཆུང་( House Democratic Partnership)གི་ཚོགས་གཙོ་སྐུ་ཞབས་ཌེ་ཝི་ཕུ་རེ་(David Price)ལགས་དང་། ཚོགས་གཞོན་ཝན་བྷུ་ཁ་ནན་(Vern Buchanan)ལགས། ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi ལགས། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཨ་རིའི་གྲོས་ཚོགས་འོག་མའི་ཤར་ཨེ་ཤི་ཡ་མངའ་ཁུལ་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་སྐུ་ཞབས་ཊེཌ་ཡོ་ཧོ་ (Ted Yoho)ལགས ཨ་རིའི་རྒྱལ་ཡོངས་མང་གཙོ་ཡར་རྒྱས་བསྟི་གནས་ཁང་(National Endowment for Democracy) གི་འགན་འཛིན་ཁར་ལི་(Carl Gershman) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern) ལགས་སོགས་ལ་མཇལ་འཕྲད་གནང་འདུག

དེའི་སྐབས་སུ། ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་(Nancy Pelosi) མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་ཡོད་པ་མ་ཟད། བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་(Tibet Policy Act) ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱ་རྒྱུར་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་འདུག

དེའི་རྗེས། ཟླ་འདིའི་ཚེས་༡༡་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་རྟེན་གཞི་བྱས་པའི་བསམ་བློའི་བང་མཛོད་(CSIS) ཞེས་པའི་བསྟི་གནས་ཁང་དུ་ཕེབས་ནས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་གསུང་བཤད་དང་དྲི་བར་ལན་འདེབས་གནང་འདུག དེ་ནས་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་བདག་དབང་རྩ་བ་ནས་མེད་པ་མ་ཟད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སྐུའི་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་གྱི་རྣམ་འགྱུར་བཏོན་པ་ནི། བོད་མི་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་སུས་ཀྱང་ངོས་ལེན་བྱེད་ཐབས་རྩ་བྲལ་རེད།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བཀའ་རྒྱ་ཨང་ལྔ་པ་ཟེར་བ་ཞིག་བསྒྲགས་ནས་འབྱུང་འགྱུར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་བཤད་ཡོད། ཆོས་མེད་སྨྲ་བ་གུང་བྲན་རིང་ལུགས་པ་ཞིག་གིས་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུ་ཟེར་བ་ནི་བློ་ཡུལ་ལས་འདས་པའི་ཧམ་བཤད་ཁོ་ན་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ ༣༠༠ ཙམ་གྱི་མིང་གཞུང་ཆེད་མངགས་དྲིལ་བསྒྲགས་བྱས་ནས་གཞུང་གིས་ངོས་ལེན་བྱས་ཚུལ་བྱས་ཡོད། ཡ་མཚན་པ་ཞིག་ལ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཙམ་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྲངས་ ༦༠༠ ཙམ་གི་མིང་བསྒྲགས་ཀྱང་། མི་རིང་བར་ལོ་དེའི་ཕྱི་ཟླ་ ༨ ནང་གྲངས་འབོར་སྤར་ནས་བླ་སྤྲུལ་ ༡༣༠༠ ཙམ་གྱི་མཚན་གཞུང་ཞིག་གཏན་འབེབས་བྱས་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་དགེ་འདུན་པ་བརྒྱ་ཙམ་ལ་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཟབ་སྦྱོང་ཞིག་ཀྱང་སྤྲད་འདུག

འོན་ཀྱང་མཚན་གཞུང་དེའི་ནང་དུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་ཁོ་ནའི་མཚན་འཁོད་མེད། རྒྱ་ནག་དམར་པོའི་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་མཚན་གཞུང་ནང་གཞག་མི་ཕོད་པའི་༸རྒྱལ་བའི་ཡང་སྲིད་རྩད་གཅོད་བྱ་རྒྱུ་ཡིན་ཟེར་བ་ནི་ཁ་ཞེ་གཏན་ནས་མི་མཚུངས་པའི་དངོས་འགལ་ཁོ་ན་ཡིན་ཞེས་གསུངས་འདུག

ཟླ་འདིའི་ཚེས་༡༡ ཉིན་གྱི་ཉིན་རྒྱབ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཨིན་ཧྥ་ཨིན་སི་ཊེ་ཨིན་(Dianne Feinstein)ལགས་དང་ཐུག་འཕྲད་གནང་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཌ་ཨིན་ཧྥ་ཨིན་སི་ཊེ་ཨིན་མཆོག་གིས་བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་(The new Tibet Policy Act) གནང་འཆར་ཡོད་པ་དེར་མཉམ་འབྲེལ་གྱིས་མཐུན་རྐྱེན་སྦྱོར་རྒྱུའི་ཁས་ལེན་གནང་ཡོད་འདུག དེ་ནས་སྲིད་སྐྱོང་མཆོག་གིས་ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་(Sam Brownback) མཆོག་ལ་ཐུག་འཕྲད་ཀྱིས་བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་འཆར་ཡོད་པ་དེའི་དགོས་པ་དམིགས་ཡུལ་གཙོ་བོ་ནི་བོད་མིའི་ཆོས་དད་རང་དབང་དང་། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཁོར་ཡུག་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད་འདུག

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མཚོ་དང་གཙང་ཆུ་ (UN Convention on the Protection and Use of Transboundary Watercourses and International Lakes) བེད་སྤྱོད་དང་སྲུང་སྐྱོབ་གནང་ཕྱོགས་ཀྱི་གྲོས་མཐུན་ཆིངས་ཡིག་ཐོག་རྒྱ་ནག་གཞུང་གིས་མིང་རྟགས་བཀོད་མེད་པར་བརྟེན། དེས་ཨེ་ཤི་ཡའི་མི་འབོར་ཐེར་འབུམ་ ༡.༥ ཡིས་བོད་མཐོ་སྒང་གི་གཙང་ཆུ་ལ་བརྟེན་ནས་འཚོ་བཞིན་པ་རྣམས་ཀྱི་འཚོ་རྟེན་ལ་དོ་ཕོག་འགྲོ་ཉེན་ཆེ་བའི་སྐོར་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་གསུངས་འདུག

དེ་ནས། ཨ་རིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སམ་བྷི་རོན་བྷེ་གི་མཆོག་གིས། བོད་དོན་ཆེད་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་འཆར་ཡོད་པ་དེ་ལམ་ལྷོངས་ཡོང་བར་ཤུགས་རྒྱག་རྒྱུ་དང་། ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་( Donald Trump) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཡོང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གངས་ཅན་ལྗོངས་སུ་གདན་འདྲེན་ཞུ་རྒྱུར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དགའ་པོ་བྱུང་། ཞེས་དང་། ང་ཚོ་ངོས་ནས་བོད་མིའི་སྤྲུལ་སྐུ་ངོས་འཛིན་གནང་ཕྱོགས་ཀྱི་ལམ་ལུགས་དེ་བོད་མི་རང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས།

དེ་བཞིན། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཝན་བྷུ་ཁ་ནན་(Vern Buchanan) མཆོག་དང་ཐུག་འཕྲད་གནང་སྐབས། ཨ་རིའི་གྲོས་ཚོགས་འཐུས་མི་ཝན་བྷུ་ཁ་ནན་མཆོག་གིས་བོད་དོན་ཐད་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་བརྗོད་འདུག

གཞན་ཡང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝ་ཤིན་ཊོན་ཆ་འཕྲིན་(Washington Post) ཅེས་པའི་ཚགས་པར་གྱི་རྩོམ་སྒྲིག་པ་ལགས་དང་ཐུག་འཕྲད་གནས་ནས། བོད་དོན་ཆེད་སྲིད་བྱུས་གསར་པའི་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་གཟབ་རྒྱས་གནང་འདུག

དེའི་རྗེས། ཟླ་འདིའི་ཚེས་༡༣་ཉིན། སྲིད་སྐྱོང་མཆོག་ཊེ་ས་ཀྱི་གྲོས་ཚོགས་འཐུས་མི་རོན་རི་ཁྲི(Ron Wright)་དང་མཇལ་འཕྲད་གནང་ཡོད་པ་དང་། འཐུས་མི་རོན་རི་ཁྲི་ལགས་ཀྱིས་རྒྱ་ནག་གིས་ཡང་སྲིད་ཀྱི་ངོས་འཛིན་ཐོག་ཐེ་བྱུས་བྱེད་པར་དྲང་བདེན་ཞིག་མ་རེད། རྒྱ་ནག་གིས་ཨ་རིར་ལའང་ཉེན་ཁ་ཞིག་ཆགས་ཡོད་བཅས་དང་། དེ་ནས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་ཁས་ལེན་བྱས་འདུག

དེ་ནས། སྲིད་སྐྱོང་མཆོག་གྲོས་ཚོགས་འོག་མའི་འཐུས་མི་ཊམ་ཀོ་ཊན་(Tom Cotton)ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་སུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་ཆེད་སྲིད་བྱུས་དེ་ནི་བོད་ཁོ་ནའི་ཆེད་དུ་མིན་པ། དེ་ནི་ཨ་རི་གཙོ་པའི་རྒྱལ་ཁབ་མང་པོ་ཞིག་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་གནང་འདུག

དེའི་རྗེས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཊམ་ཀོ་ཊན་(Tom Cotton)ལགས་ཀྱིས་ཁོ་རང་བོད་དོན་ཆེད་སྲིད་བྱུས་ཐོག་ལེགས་པོ་བཀླགས་རྗེས་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

དེ་ནས། སྲིད་སྐྱོང་མཆོག་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་གནང་ནས། བོད་གཙོ་པའི་འཛམ་གླིང་ཐོག་གི་གནད་དོན་ཁག་གླེང་ཡོད་པ་དང་། དེ་བཞིན་བལ་ཡུལ་ནང་དུ་བོད་མི་རྣམས་དཀལ་ངལ་འཕྲད་བཞིན་ཡོད་སྐོར་དང་། དམིགས་བསལ། ཉེ་ཆར། བོད་མི་དྲུག་བལ་ཡུལ་གཞུང་གིས་རྒྱ་གཞུང་ལ་ཕྱིར་རྩིས་སྤྲོད་བྱས་ཡོད་པའི་སྐོར་སོགས་གླེང་འདུག