19
Fri, Apr

ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་ཧི་མ་ཅལ་མངའ་སྡེས་ཕྱི་མི་བཀག་སྡོམ།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢༠་ཉིན་སྤེལ། རྒྱ་གར་མངའ་སྡེ་ཧི་མ་ཅལ་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད། ། ཕྱི་རྒྱལ་བ་དང་རྒྱ་གར་མངའ་སྡེ་གཞན་གྱི་སྤྲོ་འཁྱམ་པ་སུའང་མངའ་སྡེའི་ནང་ཡོང་མི་ཆོག་པའི་གསལ་བསྒྲགས་སྤེལ་འདུག ད་སྔ་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་༢༡༢་བྱུང་འདུག

དེ་ཡང་། ཟླ་འདིའི་ཚེས་༡༩་ཉིན་གྱི་ཕྱི་དྲོར། ཧི་མ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོད་ཆེད། ཕྱི་རྒྱལ་བ་དང་རྒྱ་གར་གྱི་མི་སེར་ཡུལ་སྐོར་སྤྲོ་འཁྱབ་ཚང་མ་མངའ་སྡེའི་ནང་ཡོང་རྒྱུར་བཀག་སྡོམ་བྱེད་དགོས་པའི་གསལ་བསྒྲགས་སྤེལ་འདུག དེ་བཞིན་ཧྥི་རོ་པོ་མེ་འཁོར་སྡེ་ཚན་གྱིས་མངའ་སྡེ་གཞན་ནས་ཀཱང་གྷི་རཱའི་ནང་དུ་འགྲོ་སྐྱོད་བྱེད་པའི་མེ་འཁོར་༡༤་བཀག་འདུག དེ་རིང་གི་མཚན་མོ་ནས་ཀཱང་གྷི་རཱའི་སྲིད་གཞུང་གིས་པཱ་ཐན་ཀོ་ཊི་ནས་ཇོ་གྷིན་ཌེར་ཎ་གྷ་(Pathankot-Jogindernagar)བར་གྱི་འགྲོ་སྐྱོད་བྱེད་མཁན་མི་འཁོར་ཚང་མ་འགོག་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་འདུག

དེ་བཞིན། ཟླ་འདིའི་ཚེས་༡༩་ཡི་ཕྱི་དྲོར། ད་སྔ་པན་ཇཱ་པུར་ཏོག་དབྱིབས་ནད་དུག་ཕོག་མཁན་གསུམ་བྱུང་བའི་རྐྱེན། ཀཱང་གྷི་རཱ་རྫོང་གི་སྤྱི་ཁྱབ་གཞོན་པ་རཱ་ཀེ་ཞི་ཡིས་གསལ་བསྒྲགས་སྤེལ་བར་ལྟར་ན། ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་པན་ཇཱ་པུ་ནས་ཀཱང་གྷི་རཱ་རྫོང་ཀྱི་མེ་འཁོར་ཚང་མ་གནས་སྐབས་མཚམས་འཇོག་བྱས་རྒྱུ་ཡིན་འདུག

དེ་ཡང་། ད་སྔ་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་མི་༢༠༡༢་བྱུང་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་༢༠་ཡི་ནང་དུ་ཁྱབ་ཚར་འདུག མངའ་སྡེ་དེ་དག་ནི་མཱ་ཧཱ་རཱ་ཤི་ཊི་རའི་ནང་ནད་དུག་ཕོག་མཁན་༥༣་དང་། ཀེ་རི་ལར་ནད་དུག་ཕོག་མཁན་གྲངས་༢༨། ཡུ་པི་མངའ་སྡེར་ནད་དུག་ཕོག་མཁན་གྲངས་༢༣། ཧཱ་རི་ཡཱ་ཎ་ལ་ནད་དུག་ཕོག་མཁན་༡༨་། ལྡི་ལིེར་ནད་དུག་ཕོག་མཁན་༡༦་། ཏཱ་ལི་གྷ་ཎ་ལ་ནད་དུག་ཕོག་མཁན་༡༦་། ལ་དྭགས་ལ་ནད་དུག་ཕོག་མཁན་༡༠་བཅས་ཁྱོན་ད་སྔ་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་༢༡༢་བྱུང་འདུག

དེ་རིང་ལྡི་ལི་སྲིད་གཞུང་གི་སྤྱི་ཁྱབ་འགན་འཛིན་ཀེ་ཇི་ཝ་ཡིས་སྤེལ་བའི་གསལ་བསྒྲགས་ནང་། ལྡི་ལི་ནང་སྨན་རྫས་ཚོང་ཁང་དང་། ཟས་སྣ་ཚོང་ཁང་མ་གཏོགས་ཚོང་ཁང་ཆེན་པོ(Malls)ཚང་མ་སྒོ་རྒྱག་དགོས་པའི་གསལ་བསྒྲགས་བྱས་འདུག

གཞན་ཡང་། ཁ་སང་རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་ཐོག་རྒྱལ་ཡོངས་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། སྲིད་བློན་མཆོག་གིས་ཏོག་དབྱིབས་ནད་དུག་འདིས་འཛམ་གླིང་མི་མང་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། རྒྱ་གར་ལ་དཀའ་ངལ་དེ་འདྲ་མི་འཕྲད་པའི་ངེས་པ་མེད། དེར་བརྟེན། རྒྱ་གར་མི་མང་གིས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་དང་། གང་ཐུབ་རང་མོས་ཁྱིམ་དུ་སྡོད་ཐབས་བྱེད་དགོས། དམིགས་བསལ་ཟླ་འདིའི་ཚེས་༢༢་ཉིན་ཏེ་གཟའ་ཉིན་མ་ཉིན། རྒྱ་གར་མི་མང་རང་ཁྱིམ་དུ་བསྡད་ནས་ཕྱིར་མི་ཐོན་པ་བྱེད་དགོས་པ་དང་། དེ་ནི་རྒྱ་གར་མི་མང་གིས་ཏོག་དབྱིབས་ནད་དུག་ལ་སྔོན་འགོག་ག་ཚོད་བྱེད་ཐུབ་མིན་གྱི་ཚོད་ལྟ་ཞིག་ཡིན་པར་བརྗོད་འདུག

ད་དུང་། ཁ་སང་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་རྒྱ་གར་གཞུང་གིས་ཁ་རས་དང་ཁ་རས་ཀྱི་རྒྱུ་ཆ། སྨན་བཅོས་ཆེད་དགོས་རིགས་ཀྱི་ཡོ་བྱད་བཅས་རྒྱལ་ཁབ་གཞན་ལ་ཕྱིར་ཚོང་བྱེད་རྒྱུ་ལ་བཀག་སྡོམ་བྱེད་དགོས་པའི་གསལ་བསྒྲགས་སྤེལ་འདུག