19
Fri, Apr

༢༠༢༠་ལོའི་ཟླ་༢་ཚེས་༡༥་ཉིན། རྒྱ་ནག་ཝུན་ཧན་ནས་ཡིན་པའི་བུད་མེད་ཞིག་གིས་ཝུ་ཧུན་གྱི་དོན་དངོས་བརྗོད་འདུག

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༡༧་ཉིན་སྤེལ། རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་མང་གི་འཚོ་བ་དང་ནད་དུག་ཁྱབ་ཚད་བཅས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་དོན་དངོས་སྦས་ཐབས་བྱེད་ཀྱི་ཡོད་ནའང། ཉེ་ཆར་ཝུ་ཧུན་གྱི་བུད་མེད་ཅིག་གིས་ནད་དུག་དེའི་གནས་སྟངས་དང་འབྱུང་རྐྱེན། བོད་དང་། ཐེ་ཝན། ཧོང་ཀོང་བཅས་ཀྱི་རང་བཙན་ལ་རྒྱབ་སྐྱོར་ཡོད། རྒྱ་གཞུང་གི་གདུག་རྩུབ་ལས་ཐར་དགོས། ཞེས་བརྗོད་འདུག

རྒྱ་ནག་ཏུ་མགྱོགས་མྱུར་གྱིས་དར་ཁྱབ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ད་སྔ་རྒྱ་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་གྲངས་༡༧༧༠ནད་དུག་དེའི་རྐྱེན་པས་གྲོངས་ཟིན་པར་བཤད་ཀྱི་ཡོད་ཀྱང་། དེར་དོགས་པ་བྱེད་མཁན་ཧ་ཅང་མང་ཞིང་། ཁ་ཅིག་གིས་ད་སྔ་མི་ལྷག་ཁྲི་གཉིས་གྲོངས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག ད་དུང་། ཉིན་ཤས་ཀྱི་སྔོན་ནས། བརྒྱུད་ལམ་ཁག་ན་ནད་དུག་དེའི་འབྱུང་ཁུངས་ནི། སྲོགས་ཆགས་ལས་བྱུང་བ་ཞིག་ཡིན་པར་དོགས་པ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། དེ་ནི་རྒྱ་ནག་ཝུ་ཧུན་གྲོང་ཁྱེར་གྱི(p4)ནད་དུག་ཚན་རིག་ཚོད་ལྟ་ཁང་ནས་ཕྱིར་ཤོར་བའམ་བཏང་བ། ཡང་ན་སྐྱེ་དངོས་མཚོན་ཆར་བཟོ་བ་བཅས་ཀྱི་སྐོར་ལ་དོགས་པ་བྱེད་མཁན་ཡང་མང་དུ་འབྱུང་གིན་འདུག གཞན་ཡང་། གྲོང་ཁྱེར་མང་པོའི་འགྲོ་འོང་བཀག་སྡོམ་དང་། མི་མང་ལ་ཁ་རས་སོགས་ཀྱི་སྨན་ཆས་ཀྱིས་འདང་གི་མེད་པ། ཉེན་རྟོག་པས་མི་མང་ལ་གདུག་རྩུབ་མནར་གཅོད་བྱེད་ཀྱིན་ཡོད་པ། དོན་དངོས་སྦས་ཐབས་བྱེད་ཀྱི་ཡོད་པ་བཅས་ཀྱི་དབང་གིས་མང་ཚོགས་ལ་དཀའ་སྡུག་ཚད་མེད་སྐྲུན་གྱིན་ཡོད་སྟབས། མང་ཚོགས་ཁ་ཤས་ཀྱིས་བཟོད་མ་ཐུབ་པར་རང་གི་བསམ་ཚུལ་དང་སྡུག་བསྔལ་སོགས་བརྗོད་དེ་དྲ་ལམ་དུ་སྤེལ་གྱི་ཡོད་འདུག

དེ་ཡང་། ཝུ་ཧུན་གྱི་བུད་མེད་ཅིག་གིས་ནད་དུག་དེའི་གནས་སྟངས་དང་། མང་ཚོགས་ཀྱི་དཀའ་ངལ། རྒྱ་གཞུང་གི་བྱས་ཉེས་སོགས་ཀྱི་སྐོར་ལ་འདི་ལྟར་འགྲེལ་བརྗོད་བྱེད་དོན། སྤུན་ཟླ། ཝུ་ཧུན་གྱི་ནད་དུག་གི་གནས་ཚུལ་འདི་ནི་འཆར་གཞི་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། གང་ཡིན་ཟེར་ན། རྒྱ་ནག་དམར་པོའི་གཞུང་དུ་དཔོན་པོ་ཚོས་ཕུན་ཚུན་བར་དབང་ཆ་འཐོབ་རྩོད་བྱས་ནས་འཛིང་བཞིན་ཡོད། འོན་ཀྱང་། གྱོང་གུན་རེག་མཁན་ནི་ང་ཚོ་མི་མང་རེད། ངའི་ཕ་མ་ཁྱིམ་དུ་ཤི་རྒྱུ་སྒུག་ནས་བསྡད་ཡོད། ང་ཚོའི་ཚེ་སྲོག་ལ་སྙིང་རྗེ་བྱེད་མཁན་སུའང་མི་འདུག སྒོར་མོ་ཡོད་ནའང་སྨན་ཉོ་རྒྱུ་རེག་གི་མི་འདུག སྒོར་མོ་ཡོད་ནའང་སྨན་ཁང་ནང་གི་ཉལ་ཁྲི་ཉོ་རྒྱུ་རེག་གི་མི་འདུག

ཧོང་ཀོང་གི་སྤུན་ཟླ་རྣམ་པ། ཁྱོད་ཚོས་རང་བཙན་རྩོད་ཀྱི་ཡོད། ངས་ཁྱོད་ཚོར་རྒྱབ་སྐྱོར་བྱེད། ཐེ་ཝན་རང་བཙན་དང་བོད་རང་བཙན་བྱེད་པ་ལའང་ངས་རྒྱབ་སྐྱོར་བྱེད། རྒྱ་ནག་དམར་པོ་གཞུང་གི་གདུག་རྩུབ་ཆེ་བའི་སྡེར་འོག་ནས་ཐར་དགོས། རུལ་སུངས་ཅན་གྱི་སྲིད་གཞུང་། སྡུག་རྩུབ་ཅན་གྱི་སྤྱི་ཚོགས། མི་སུའང་སྨྲ་བརྗོད་རང་དབང་མེད། མི་གཅིག་གིས་རང་དབང་གི་ཐོག་ནས་སྐད་ཆ་བཤད་རྗེས། ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད། དེར་མ་ཟད། ཁྲིམས་ནི་དམར་པོ་གཞུང་གིས་བཟོས་པ་རེད། ཁོ་ཚོས་ཁྲིམས་ཐག་ལོ་ག་ཚོད་གཅོད་ཀྱི་ཡིན་ཟེར་ན་ལོ་དེ་ཚོད་གཅོད་ཀྱི་རེད། ཁྲིམས་རྩོད་པའང་བེད་སྤྱོད་མེད། གང་ཡིན་ཟེར་ན། དྲང་བདེན་ཤོད་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡོད་ན། ཁོ་ཚོས(ཉེན་རྟོག་པ)འཛིན་བཟུང་བྱེད་ཀྱི་རེད། དེར་བརྟེན། ཁྲིམས་རྩོད་པ་ཚོས་གདུག་རྩུབ་ཀྱི་དབང་ཤུགས་འོག་ཏུ་དྲང་བདེན་གྱི་སྐད་ཆ་བརྗོད་ཐུབ་ཀྱི་མ་རེད།

ངས་ཁྱོད་ཚོར་བརྗོད་དགོས། མི་གཅིག་གི་ཚེ་སྲོག་བློས་གཏོང་དང་། མི་གཉིས་ཀྱི་ཚེ་སྲོག་བློས་གཏོང་། གསར་བརྗེ་ཡོང་དགོས་ན་ངེས་པར་དུ་ཁྲག་དང་ཤའི་བློས་གཏོང་དགོས། ང་འདིར་ཐོན་ནས་ངོ་རྒོལ་བྱེད་ཀྱི་ཡིན། ངའི་ཕ་མ་དང་ནང་མི། ངའི་མ་འོངས་པའི་རང་དབང་གི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ། ངས་བློས་གཏོང་བྱེད་ཀྱི་ཡིན། ངས་འདི་ལྟར་བརྗོད་དུས་ངའང་ཉེན་ཁ་ཆགས་བསྡད་ཡོད། དེ་ངས་ཤེས་ཀྱི་ཡོད། འོན་ཀྱང་། ང་དངོས་གནས་བཟོད་ཐབས་བྲལ་སོང་། བཟོད་ཐབས་བྲལ་སོང་། རྒྱ་གཞུང་གི་གསར་འགྱུར་ཁང་སེ་སེ་བརྙན་འཕྲིན(CCTV)ཁང་ནས་བརྗོད་པའི་གསར་འགྱུར་ཚང་མ་རྫུན་མ་རེད། ཚང་མ་རྫུན་མ་རེད། སྨན་ཁང་གི་ར་བའི་ནང་དུ་ནད་པས་ཁེངས་ཡོད། འོན་ཀྱང་། ཁོ་ཚོར་ཉལ་ཁྲི་དང་སྨན་གང་ཡང་མི་འདུག ཁོ་ཚོའི་འབོད་སྒྲ་དང་ངུ་འབོད་ངས་ཐོས་སོང་། ངས་ང་རང་དང་ངའི་ཝུ་ཧུན་མི་མང་། རྒྱ་ནག་གི་སྤུན་ཟླ་ཚོའི་ཆེད་དུ་སྐད་འབོད་བྱེད་རྒྱུ་ཡིན། ཞེས་ཚོར་བ་དྲག་པོས་ངུ་འབོད་དང་བཅས་བརྙན་ཐུང་ཅིག་གི་ནང་དུ་བརྗོད་འདུག

གཞན་ཡང་། ཉིན་ཤས་སྔོན་ནས། རྒྱ་ནག་གི་ས་ཁུལ་ཁ་ཤས་ལ་ས་ཡོམ་རྒྱག་པ་དང་། སེར་བ་ཆེན་པོ་འབབ་པ། གངས་ཆེན་འབབ་པ། ཁ་བ་འབབ་པ་དང་འབྲུག་གྲགས་པ་དུས་མཉམ་དུ་བྱུང་བ། ཁྱད་པར་དུ་ནང་སོག་གི་ས་ཆ་ཞིག་ནས་ཉིན་གཅིག་ལ་ཉི་མ་ལྔ་ལྟ་བུ་ཞིག་འཆར་བ་སོགས་ཀྱི་རང་བྱུང་གི་སྣང་ཚུལ་ཡང་འདྲ་མིན་ཞིག་འབྱུང་གིན་ཡོད་པའི་སྐོར་ནས་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ན་གླེང་སློང་ཤུགས་ཆེན་བྱེད་ཀྱི་འདུག་ལ། དེ་ནི་རང་བྱུང་གི་ཐན་ལྟས་དང་བཀྲ་མི་ཤིས་པའི་རྟགས་མཚན་ཞིག་ཡིན་པར་བརྗོད་མཁན་ཡང་འདུག