17
Sun, Nov

བསོད་རྒྱལ་རིན་པོ་ཆེ་མཆོག

གསར་འགྱུར་གཞན།
Typography

༢༠༡༩་ལོའི་ཟླ་༨་ཚེས་༢༨་ཉིན། རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་མཆོག་སྐུའི་སྙུང་གཞིའི་རྐྱེན་པས་ཐའེ་ཝན་ཌའི་ནང་སྐུ་གྲོངས་པའི་ཡིད་ཕམ་གནས་ཚུལ་བྱུང་འདུག

བསོད་རྒྱལ་རིན་པོ་ཆེ་མཆོག་ནི་རླབས་ཆེན་གྱིས་མཛད་རྗེས་བསྐྲུན་པའི་བླ་མ་ཞིག་སྟེ། ཕྱི་ལོ་༡༩༤༧ ལོར་ཁམས་ཏྲེ་ཧོར་ཡུལ་དུ་མཚན་སྙན་ལྡན་པའི་འབྱོར་ལྡན་ཁྱིམ་ཚང་ལྭ་དཀར་ཚང་ནང་དུ་སྐུ་འཁྲུངས་ཤིང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གིས་ཉག་བླ་བསོད་རྒྱལ་ལམ་ཡང་སྲིད་དུ་ངོས་འཛིན་མཛད་པ་མ་ཟད། ཁོང་གིས་དབང་ལུང་མན་ངག་སོགས་མང་དུ་གནང་ནས་གསོ་སྐྱོང་མཛད། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེའི་རིན་པོ་ཆེ། སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་མཆོག་སོགས་བོད་ཀྱི་བླ་ཆེན་དུ་མའི་དྲུང་ནས་ནང་པའི་གཞུང་ལུགས་མང་པོ་ལ་སློབ་གཉེར་ཕུལ་དུ་བྱུང་བ་གནང་།

ཕྱིས་སུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས། ༧གོང་ས་མཆོག་གིས་དབུས་རིས་མེད་ཀྱི་བླ་ཆེན་མང་དག་ཅིག་གི་ཞབས་ལ་གཏུགས་ནས་ཐོས་བསམ་གྱི་མན་ངག་ཞུས་ཤིང་རྒྱ་གར་ནང་ཕེབས་རྗེས་ཀ་ལིམ་ཕུང་གི་ཡེ་ཤུའི་སློབ་གྲྭ་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༧༡ ལོར་དབྱིན་ཡུལ་གྱི་ཀེམ་པི་རི་ཇི་གཙུག་ལག་སློབ་གྲྭའི་ཊི་རིན་ནི་ཊེ་(Trinity)མཐོ་སློབ་ནང་སློབ་སྦྱོང་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༧༣ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨི་ཊ་ལིའི་ནང་ཆེས་ཐོག་མར་ཆིབས་བསྒྱུར་གོ་སྒྲིག་ཞུས་ཏེ་གདན་ཞུ་གནང་ཡོད་འདུག

དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་མཛད་དེ་མཁས་པའི་ཡང་རྩེར་སོན་ཞིང་། དབྱིན་ཇིའི་ཐོག་ནས་ཆོས་གསུངས་པ་སོགས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས། ལྷག་པར་དུ་ཁོང་གིས་<<The Tibetan Book of Living and Dying>> འཆི་གསོན་ཉམས་ལེན་བྱེད་ཚུལ་གྱི་ཁྲིད་ཡིག་ཅེས་པའི་དེབ་ཅིག་དབྱིན་ཡིག་གི་ཐོག་ནས་བརྩམས་ཤིང་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་ཀུན་ཏུ་རྒྱས། དེབ་དེ་ལ་འཛམ་གླིང་ས་ཕྱོགས་གང་ས་ནས་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ་ཡིག་རིགས་མི་འདྲ་བ་གྲངས་༣༥ ནང་བསྒྱུར་འདུག་པ་མ་ཟད། རྒྱལ་ཁབ་མི་འདྲ་བ་༨༠ ཙམ་གྱི་ནང་དུ་པར་སྐྲུན་བྱས་ཡོད་འདུག

དེ་ལས་རླབས་ཆེན་གྱི་མཛད་རྗེས་ཤིག་ནི་འཛམ་གླིང་གི་རྒྱལ་ཁབ་ ༣༠ ཡས་མས་ནང་དུ་ཆོས་ཚོགས་གྲངས་༡༣༠ ཙམ་གསར་དུ་འཛུགས་ཏེ། དད་ལྡན་སློབ་མ་སྟོང་ཕྲག་མང་པོའི་བློ་ཁ་ཆོས་ལ་དྲངས་ཏེ་ནང་པའི་བསྟན་པ་ལ་ཞལ་འདེབས་རླབས་པོ་ཆེ་ཞུས་བཞིན་པའི་སྐབས་དེར། ༢༠༡༩ ལོའི་ཕྱི་ཟླ་༨ ཚེས་༢༨ རེས་གཟའ་ལྷག་པའི་ཉིན་ཐའེ་ལན་ཌིའི་རྒྱལ་ཁབ་ནང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་བྱུང་ཞིང་ད་ལྟའི་ཆར་ཐུགས་རྣམ་པ་མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་ཐུགས་དམ་བཞུགས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།