17
Thu, Oct

༢༠༡༨ལོའི་ཟླ༡༡ཚེས་༢༠ཉིན་ཀོ་ཝུན་ཀོའུ་ཡིས་ཝང་ཅན་གྱི་འདས་རྐྱེན་གླེང་བ།

གསར་འགྱུར་གཞན།
Typography

༢༠༡༨ལོའི་ཟླ་༡༡ཚེས་༢༠ཉིན། ཨ་རི་ལ་སྐྱབས་བཅོལ་དུ་སོང་ཡོད་པའི་རྒྱ་ནག་གི་ཕྱུག་བདག་ཀོ་ཝུན་ཀོའུ་(郭文贵)ཡིས་ནེའུ་ཡོག་ནས་གསར་འགོད་གསར་བསྒྲགས་ཤིག་སྤེལ་ཞིང་། དེའི་ཐོག་ཏུ་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་འཛིན་སློབ་སྟོན་པ་བྷན་ནོན་ཡང་གདན་འདྲེན་ཞུས་འདུག་ཅིང་། བྷན་ནོན་གྱིས་སྐབས་དེར། རྒྱ་ནག་ནང་དུ་མི་མང་སྟོང་ཕྲག་མང་པོ་ཤི་རྐྱེན་ཐེབས་ཀྱི་ཡོད་ཀྱང་། དེ་དག་ཚང་མ་ལྕེབས་པ་དང་། ཡང་ན་ཁྲིམས་ཆད་ཡིན་པར་བཤད་ཀྱིན་འདུག དེར་བརྟེན། མི་དེ་འདྲ་མང་པོ་ཞིག་གི་ཤི་རྐྱེན་གྱི་དོན་དངོས་རང་བཞིན་དེ་འཛམ་གླིང་ཡོངས་ལ་ཤེས་སུ་འཇུག་དགོས་ཀྱི་འདུག ཅེས་བརྗོད་འདུག

དེ་ཡང་། གསར་འགོད་གསར་བསྒྲགས་དེའི་ནང་དོན་གཙོ་བོ་ནི། རྒྱ་མཚོའི་གྲུ་གཟེངས་འགན་འཛིན་ཝང་ཅན(王建)གྱི་ཤི་རྐྱེན་ལ་དོགས་གཞི་དང་རྟོག་ཞིབ་བྱས་པའི་སྐོར་དང་། ད་དུང་ཨ་སྒོར་དུང་ཕྱུར་གཅིག་གི་ཁྲིམས་བཟོ་ཐེབས་རྩ་ཁང་ཞིག་སྒོ་འབྱེད་ཀྱི་ཁྱབ་བསྒྲགས་བཅས་རེད། ཁྲིམས་བཟོ་ཐེབས་རྩ་ཁང་དེ་ནི་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་གཞུང་གི་གནོད་འཚེ་ཕོག་མཁན་རྣམས་ལ་ཆེད་དུ་རོགས་སྐྱོར་བྱེད་པའི་ཕྱིར་དུ་ཡིན་འདུག སྐབས་དེར། ཀོ་ཝུན་ཀོའུ་ཡིས་འདི་ལྟར་བརྗོད་དོན། རྒྱ་ནག་རྒྱ་མཚོ་གྲུ་གཟེངས་བཟོ་གྲྭའི་དོགས་གཞི་རྣམས་ཨ་རིར་སྙན་གསེང་ཞུས་ཏེ་རྟོག་ཞིབ་བྱེད་དགོས་པ་དང་། བཟོ་གྲྭ་དེར་ཡང་ཁྱོན་ཡོངས་ནས་རྟོག་ཞིབ་བྱེད་དགོས་ཀྱི་འདུག

ལོ་འདིའི་ཟླ་༧པའི་ཚེས་༣ཉིན། རྒྱ་ནག་རྒྱ་མཚོ་གྲུ་གཟེངས་བཟོ་གྲྭའི་སྤྱི་གཉེར་པ་ཝང་ཅན་ཧྥ་རན་སིར་སྤྲོ་འཁྱམ་དུ་སོང་སྟེ། དོན་རྐྱེན་ཞིག་གི་འོག་ནས་འདས་གྲོངས་སུ་ཕྱིན་ཡོད། ཧྥ་རན་སིའི་ཉེན་རྟོག་པས་དོན་རྐྱེན་དེ་ལ་རྟོག་ཞིབ་བྱས་རྗེས། ཝང་ཅན་འདྲ་པར་ལེན་སྐབས་རྐང་འགྱེལ་ཤོར་ཏེ་སྨི་༡༠ལྷག་ཡོད་པའི་མཐོ་ས་ཞིག་ནས་ལྷུང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དོན་རྐྱེན་དེ་མཐོང་མཁན་གྱི་མི་དངོས་སུ་ཡོད་སྟབས། དོགས་གཞི་ཅང་མི་འདུག་ཅེས་བསྒྲགས་ཡོད། དེ་ལྟར་ན་ཡང་། ཕྱི་རྒྱལ་ན་སྐྱབས་བཅོལ་དུ་ཡོད་པའི་རྒྱ་ནག་གི་ཕྱུག་བདག་ཀོ་ཝུན་ཀོའུ་ཡིས་དེ་ལྟར་འདོད་ཀྱི་མེད་པས། ཁོས་ཆེད་དུ་ཚོགས་པ་བཙུགས་ཏེ་ཝང་ཅན་གྱི་འདས་རྐྱེན་ལ་རྟོག་ཞིབ་བྱས།

ཟླ་འདིའི་ཚེས་༢༠ ཉིན། ཀོ་ཝུན་ཀོའུ་ཡིས་ནེའུ་ཡོག་ནས་གསར་འགོད་གསར་བསྒྲགས་ཤིག་སྤེལ་ཏེ། ཝང་ཅན་གྱི་འདས་རྐྱེན་ལ་རྟོག་ཞིབ་བྱས་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས། དེ་ཡང་། ཁོ་རང་གི་རྟོག་ཞིབ་ཚོགས་པ་དེའི་ལག་ཏུ་ལྟ་རྟོག་བརྙན་མིག་གི་འཁོར་སྡེབ་མང་པོ་ཞིག་རེག་འདུག་ཅིང་། ཝང་ཅན་ཧྤ་རན་སའི་གནམ་ཐང་དུ་འབྱོར་སྐབས། ཁོར་སྐུ་སྲུང་བ་གསུམ་ཡོད་པ་ལས་གཉིས་གནམ་ཐང་དུ་ཡོད་པ་དང་། གཅིག་མཐོང་ཡུལ་མི་འདུག ད་དུང་། དོན་རྐྱེན་བྱུང་སར་ཐོག་མར་འབྱོར་མཁན་གྱི་ཟ་ཁང་ཞིག་གི་སྦྱིན་བདག་གིས་ས་ངོས་ནས་ཁབ་མགོ་དང་སྐམ་ཁབ་ཅིག་མཐོང་འདུག

ཕྱོགས་གཞན་ཞིག་ནས། ཀོ་ཝུན་ཀོའུ་ཡིས་འདི་ལྟར་བརྗོད་དོན། སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་དོན་རྐྱེན་བྱུང་ཡུལ་ལ་ཡོང་སྟེ་རྟོག་ཞིབ་བྱས་ཏེ། ས་གནས་ཀྱི་མི་རྣམས་ལ་སྐབས་དེའི་གནས་ཚུལ་ཕྱིར་བཤད་མི་ཆོག་པའི་ཉེན་བརྡ་ཡང་བཏང་འདུག དེར་མ་ཟད་དོན་རྐྱེན་འབྱུང་སའི་བརྙན་མིག་ཏུ་ཐེབས་པའི་ཡུལ་དངོས་རྣམས་ཀྱང་གསུབ་འདུག

དེར་བརྟེན། ཀོ་ཝུན་ཀོའུ་ཡིས་བསམས་པར། ཝང་ཅན་གྱི་འདས་རྐྱེན་ནི་སྤྱིར་བཏང་གི་དོན་རྐྱེན་ཞིག་མིན་པར་འདོད་ཀྱི་འདུག ཝང་ཅན་གྱི་ཆུང་མ་དང་བྱིས་པ་ནི་ཨ་རིའི་མི་སེར་ཡིན་ཞིང་། ཁོ་རང་གིས་ཀྱང་ཨ་རིའི་ལག་ཁྱེར་ལྗང་གུ་བཟུང་ཡོད་སྟབས། ཀོ་ཝུན་ཀོའུ་ཡིས་ཨ་རིའི་ཉེན་རྟོག་སྡེ་ཚན་ལ་དོན་རྐྱེན་འདིའི་ཐད་ལ་རྟོག་ཞིབ་བྱེད་དགོས་པའི་བསམ་འཆར་བརྗོད་ཀྱིན་འདུག

གཞན་ཡང་། ཀོ་ཝུན་ཀོའུ་ཡིས་ཉེ་ལམ་རྒྱ་ནག་རྒྱ་མཚོ་གྲུ་གཟེངས་བཟོ་གྲྭ་རྒྱུན་ལྡན་མ་ཡིན་པའི་སྒོ་ནས་རྒྱ་བསྐྱེད་བྱེད་ཀྱི་ཡོད་པའི་ཡིག་ཆ་དང་། ཅ་དངོས་རྒྱུན་ལྡན་མ་ཡིན་པའི་སྒོ་ནས་དབོར་འདྲེན་བྱེད་པའི་དོགས་གཞི་བཅས་ཀྱང་ཁྱབ་བསྒྲགས་བྱས། ཁོས་ཤེས་གསལ་ལྟར་ན། རྒྱ་མཚོ་གྲུ་གཟེངས་དེ་ནི་སྤྱིར་བཏང་གི་མ་རྐང་བཟོ་གྲྭ་ཞིག་མིན་ཞིང་། དེ་ནི་རྒྱ་ནག་གི་བདེ་འཇགས་ལས་ཁུངས་ཀྱི་གནས་ཚུལ་སྡུད་ལེན་བྱེད་ས་དང་དངུལ་སྒོར་འཁྲུ་བྱེད་ཀྱི་ལག་ཕྱི་དཀར་པོ་ཞིག་ཡིན། དེར་བརྟེན། ཁོས་ཨ་རི་ལ་དོན་དག་འདི་ཐད་ལ་གཏིང་ཟབ་པའི་སྒོ་ནས་རྟོག་ཞིབ་བྱེད་དགོས་པའི་བསམ་འཆར་བརྗོད།

ད་དུང་། ཁོས་ཨ་སྒོར་དུང་ཕྱུར་གཅིག་གི་མ་རྩ་བཞག་སྟེ་ཁྲིམས་བཟོ་ཐེབས་རྩ་ཁང་ཞིག་བཙུགས་ཡོད་པའི་ཁྱབ་བསྒྲགས་ཀྱང་བྱས། ཐེབས་རྩ་ཁང་དེ་ནི་ཆེད་དུ་རྒྱ་ནག་སྐམ་ས་ནས་རྒྱ་གཞུང་གི་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་སྐྱོར་བྱེད་ཆེད་དུ་ཡིན་འདུག

ཀོ་ཝུན་ཀོའུ་ཡིས་བཤད་རྒྱུར། ཐེབས་རྩ་ཁང་འདིས་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་འཛིན་སློབ་སྟོན་པ་བྷན་ནོན་གདན་འདྲེན་བྱ་རྒྱུ་ཡིན། གསར་འགོད་གསར་བསྒྲགས་འདིར་ཕེབས་ཡོད་པའི་བྷན་ནོན་གྱིས་ཀྱང་ཞལ་བཞེས་གནང་སྟེ། དྲང་བདེན་རྩོད་པའི་ཞལ་བཞེས་གནང་སོང་།

སྐབས་དེར་བྷན་ནོན་གྱིས། ང་རང་ཐེབས་རྩ་ཁང་འདི་ནང་དུ་ཞུགས་འདི་ནི་སུ་ཞིག་དང་གྲོགས་པོ་དང་སུ་དང་དགྲ་བོ་ཡིན་པའི་འབྲེལ་བ་ཅི་ཡང་མེད། མིག་སྔར་འབྱུང་བཞིན་པའི་གནད་དོན་འདི་ནི་ཧ་ཅང་གལ་འགངས་བའི་རྒྱུ་མཚན་གྱིས་ང་རང་ཐེབས་རྩ་ཁང་འདིར་ཡོང་བ་ཞིག་ཡིན། རྒྱ་ནག་ནང་དུ། མི་མང་སྟོང་ཕྲག་མང་པོ་ཤི་རྐྱེན་ཐེབས་ཀྱི་ཡོད་ཀྱང་། དེ་དག་ཚང་མ་ལྕེབས་པ་དང་། ཡང་ན་ཁྲིམས་ཆད་ཡིན་པར་བཤད་ཀྱིན་འདུག དེར་བརྟེན། མི་དེ་འདྲ་མང་པོ་ཞིག་གི་ཤི་རྐྱེན་གྱི་དོན་དངོས་རང་བཞིན་དེ་འཛམ་གླིང་ཡོངས་ལ་ཤེས་སུ་འཇུག་དགོས་ཀྱི་འདུག ཅེས་བརྗོད་འདུག

ཀོ་ཝུན་ཀོའུ་ནི། རྒྱ་ནག་གི་ཕྱུག་བདག་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་མི་ཉུང་བ་ཞིག་དང་འབྲེལ་བ་དམ་ཟབ་ཡོད། ༢༠༠༧ལོ་ནས་བཟུང་། ཁོས་རྒྱ་ནག་གཞུང་གི་སྐྱུག་བྲོ་བའི་བྱ་སྤྱོད་ཕྱིར་བསྒྲགས་བྱེད་པར་བརྩམས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཤུགས་ཆེན་བྱས། འདིའི་ལོའི་ཟླ་༡༠པར། ཏ་ལེན་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་པེ་ཅིན་དུ་ཡོད་པའི་ཀོ་ཝུན་ཀོའུ་ཡི་བཟོ་གྲྭ་ཞིག་ལ་རྒྱ་ནག་གི་ཤོག་སྒོར་དུང་ཕྱུར་༦༠༠ཡི་ཉེས་ཆད་བཅད་ཡོད་ཅིང་། ད་དུང་ཧོང་ཀོང་དུ་ཡོད་པའི་ཀོ་རང་གི་ཧོང་ཀོང་སྒོར་དུང་ཕྱུར་༣༢༠ཡང་སྟངས་འཛིན་འོག་ཏུ་ལྷུང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།