18
Thu, Apr

རྒྱ་ནག་གི་བཟོ་གྲྭ་དེ་ཚོས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་འགྲེལ་བརྗོད་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༢༡ཉིན་སྤེལ། ཨ་རི་སྲིད་གཞུང་གིས་སླར་ཡང་རྒྱ་ནག་གི་བཟོ་གྲྭ་དང་ཚོང་གཉེར་ཁང་༡༡་ཚོང་འབྲེལ་གྱི་ནག་ཐོའི་ནང་དུ་བླུགས་འདུག ཚོང་གཉེར་ཁང་དེ་དག་ནི་རྒྱ་གཞུང་གིས་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དང་འབྲེལ་བ་ཡོད་པར་འགྲེལ་བརྗོད་བྱས་འདུག

དེ་ཡང་། ཟླ་འདིའི་ཚེས་༢༠་ཉིན། ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གི་བཟོ་གྲྭ་དང་ཚོང་གཉེར་ཁང་བཅུ་གཅིག་ནག་ཐོའི་ནང་དུ་བླུགས་ཡོད་འདུག དེའི་རྒྱུ་མཚན་ནི་ཚོང་གཉེར་དེ་དག་གིས་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་པ་རྣམས་བཙན་གྱིས་ཚོང་རྫས་དང་ཅ་དངོས་བཟོ་བའི་ལས་ཀ་བྱེད་བཅུག་གི་ཡོད་པར་འགྲེལ་བརྗོད་བྱས་འདུག བཟོ་གྲྭ་དང་ཚོང་གཉེར་ཁང་དེ་དག་གིས་ཨ་རིའི་སྲིད་གཞུང་གིས་ཆོག་མཆན་མེད་པར་ཨ་རི་ནས་ཅ་དངོས་ཉོ་ཚོང་བྱེད་ཆོག་གི་མེད་པ་རེད།

ཚོང་གཉེར་དེ་དག་ནི་ཀེ་ཊེ་ཀེ(KTK Group Co) ཚོང་གཉེར་ཁང་ཡིན་པ་དང་། དེ་ཡིས་མེ་འཁོར་མྱུར་པོའི་ནང་དུ་མཁོ་བའི་གྲུབ་ཆ་དང་རྐུབ་སྟེགས་སོགས་བཟོ་བསྐྲུན་བྱེད་ཀྱི་ཡོད་འདུག གཞན། ཆན་ཇི-དབྱི་ས་ཁུ(Changji Esquel Textile Co)རས་ཆ་བཟོ་གྲྭ་ཡིན་འདུག དེ་ཡིས་ཡུ་གུར་བ་ཚོ་བཙན་གྱིས་རས་ཆ་བཟོ་བཅུག་གི་ཡོད་པར་འགྲེལ་བརྗོད་བྱས་འདུག

ད་དུང་། ཧི་ཐན-ཧིབ་ལིན(Hetian Haolin Hair Accessories Co.) སྐྲ་ཚོང་གཉེར་ཁང་ཅིག་ཡིན་པ་དང་། དེ་ཡིས་ཡུ་གུར་བཙོན་པ་རྣམས་ཀྱི་སྐྲ་ཚོང་རྒྱག་གི་ཡོད་པ་དང་། ཟླ་འདིའི་ཚེས་༡་ཉིན། ཨ་རིའི་ས་མཚམས་སྲུང་སྐྱོབ་དང་ཕྱི་ཚོང་སྒོ་ཁྲལ་ལས་ཁུངས་ཀྱིས་རྒྱ་ནག་ནས་མིའི་སྐྲ་ཊོན་༡༣་ཙམ་ཡུ་གུར(ཤིང་ཅང་)་ཕྱོགས་ནས་མཚོ་ཐོག་ནས་འོར་འདྲེན་བྱེད་ཀྱི་ཡོད་པར་འཛིན་བཟུང་བྱས་ཡོད་འདུག སྐྲའི་ཐོན་ཟོག་དེ་དག་ནི་ཨ་སྒོར་འབུམ་བརྒྱད་ཀྱི་རིན་གོང་ལྡན་ཡོད་འདུག

གཞན་ཡང་། འདི་ལོའི་ཟླ་༦་ཚེས་༢༥་ཉིན། ཨ་རིའི་སྲིད་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་ཚོང་གཉེར་ཁང་ཉི་ཤུའི་མིང་ཐོ་བཏོན་ནས། དེ་དག་ནི་རྒྱ་ནག་གི་དམག་དོན་དང་ཁ་ཐུག་འབྲེལ་བ་ཡོད་པའི་སྐོར་དང་། ཨ་རི་གཞུང་གིས་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་སྲིད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། ཉེ་ཆར་དབྱིན་གཞུང་གིས་རྒྱ་ནག་གི་ཚོང་གཉེར་ཁང་ཧྭ་ཝེ (Huawei)་ཡི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན(5G network)བཀག་སྡོམ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་འདུག ད་བར་ཨ རི་དང་ཨོ་གླིང་། ཉི་ཧོང་། ཐེ་ཝན། ཉིའུ་ཛི་ལེན། འཇར་མན། ཧྥི་རིན་སི། ཨི་ཊར་ལི་སོགས་རྒྱལ་ཁབ་མང་དག་ཅིག་གིས་ཧྭ་ཝེ (Huawei)ཡི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན(5G network)བཀག་སྡོམ་བྱ་རྒྱུ་ཡིན་པར་གསལ་བསྒྲགས་སྤེལ་ཡོད།

སྤྱིར། ༢༠༡༩་ལོར་ཨ་རི་སྲིད་གཞུང་གིས་ཧྭ་ཝེ (Huawei)་ཚོང་གཉེར་ཁང་ནི་ཨ་རི་རྒྱལ་ཁའི་བདེ་འཇགས་ལ་གནོད་སྐྱོན་གཏོང་གི་ཡོད་པ་བརྗོད་ནས། ཡིད་ཆེས་མེད་པའི་ཚོང་གཉེར་ཁང་ཞིག་ལ་ངོ་འཛིན་བྱས་ནས་ནག་ཐོའི་ནང་དུ་བླུགས་ཡོད་པ་མ་ཟད། ཨ་རི་ཡིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་གཉེར་ཁང་དེའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན(5G network)བཀག་སྡོམ་བྱེད་དགོས་པའི་སྐུལ་མ་བཏང་ཡོད། དེ་བཞིན་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་བཀག་སྡོམ་བྱས་ཡོད།