26
Tue, May

འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་འགན་འཛིན་རོ་བྷེར་ཊོ-ཨ་ཛི་ཝེ་ཌོ(Roberto Azevedo)། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༥་ཚེས་༡༥་ཉིན། འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་ཚོང་དོན་ཐད་ནས་དྲང་བདེན་མ་བྱས་པ་དང་རྒྱ་ནག་ལ་ཕྱོགས་རིས་བྱས་རྐྱེན། ཨ་རི་གཙོས་ཡུ་རོབ་མཐུན་ཚོགས་དང་ཉི་ཧོང་སོགས་ནས་ལྷན་ཚོགས་དེར་སྐྱོན་བརྗོད་བྱས་ཤིང་དེའི་སྒྲིག་གཞི་བཅོས་སྒྱུར་དགོས་པའི་རེ་འདུན་ཡང་བཏོན། དེར་བརྟེན། ལྷན་ཚོགས་དེའི་འགན་འཛིན་ལས་ཡུན་མ་རྫོགས་གོང་ནས་དགོངས་པ་ཞུས་འདུག

དེ་ཡང་། བྷི་བྷི་སི་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་འཛམ་གླིང་ཚོང་དོན་ལྷན་ཚོགས(World Trade Organization)ཀྱི་འགན་འཛིན་རོ་བྷེར་ཊོ-ཨ་ཛི་ཝེ་ཌོ(Roberto Azevedo)གློ་བར་དུ་ལས་གནས་ནས་དགོངས་པ་ཞུ་བའི་གསལ་བསྒྲགས་ཤིག་སྤེལ་འདུག དགོངས་པ་ཞུ་དགོས་པའི་རྒྱུ་རྐྱེན་ནི། ད་ལྟར་ཏོག་དབྱིབས་གཉན་སྲིན་༡༩་པའི་དབང་གིས་ལྷན་ཚོགས་དེའི་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་ཚབས་ཆེན་ཕྱིན་ཡོད། དེ་ནི་༡༩༢༩་ལོར་འཛམ་གླིང་ལ་བྱུང་བའི་དཔལ་འབྱོར་ཉམས་རྒུད་ཆེན་མོའི(The Great Depression)རྗེས་སུ་བྱུང་བའི་དཔལ་འབྱོར་གྱི་གནས་སྟངས་ཛ་དྲག་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་འཛམ་གླིང་ཚོང་དོན་ལྷན་ཚོགས་ནས་རྒྱ་ནག་ལ་ཕྱོགས་རིས་བྱས་ཏེ་ཨ་རིར་དཔལ་འབྱོར་ཐོག་ནས་གྱོད་གུད་ཆེན་པོ་སྤྲད་ཡོད་ཅེས་སྐྱོན་བརྗོད་བྱས་པ་བཅས་ཡིན་པར་བརྒྱུད་ལམ་ན་གསལ་འདུག

འོན་ཀྱང་། འགན་འཛིན་རོ་བྷེར་ཊོ-ཨ་ཛི་ཝེ་ཌོ་ཡིས་ཁོ་རང་ལས་གནས་ནས་དགོངས་པ་ཞུ་དགོས་དོན་ནི་སྒེར་དོན་ཡིན་པ་དང་། ལྷན་ཚོགས་དེའི་ཁེ་ཕན་ཡང་ཡིན། འཛམ་གླིང་ཚོང་དོན་ལྷན་ཚོགས་ལ་སྐྱོན་མེད་པ་མ་རེད། འོན་ཀྱང་། ལྷན་ཚོགས་འདི་ནི་མེད་དུ་མི་རུང་བ་ཞིག་རེད། འདི་ཡིས་ཚོང་དོན་ཐོག་ནས་ང་ཚོ་ཁྲིམས་མེད་ལུགས་མེད་ཀྱི་འཛམ་གླིང་གི་ཁྲོམ་ར་ནས་སྐྱོབ་ཐུབ་ཀྱི་རེད། ཅེས་འགྲེལ་བརྗོད་བྱས་འདུག

འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་ལྷན་ཚོགས་ཀྱི་དམིགས་ཡུལ་དང་མཐུན་པའི་སྒོ་ནས་ལས་ཀ་བྱེད་ཀྱི་མི་འདུག སྤྱིར་ལྷན་ཚོགས་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཁྲོམ་ར་སྲུང་སྐྱོབ་དང་ཚོང་དོན་ཐོག་རང་དབང་སྤྲོད་རྒྱུ་དེ་ཡིན། ༢༠༠༡་ལོར་རྒྱ་ནག་ལྷན་ཚོགས་དེའི་ཚོགས་མི་ཆགས་པ་ནས་བཟུང་ཨ་རིའི་མི་མང་ས་ཡ་མང་པོ་ལས་མེད་དུ་བཏང་ཡོད། འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་ང་ཚོར་དཔལ་འབྱོར་ཐོག་ནས་གྱོང་གུད་ཆེན་པོ་སྤྲད་ཡོད། ལྷན་ཚོགས་དེ་ཡིས་རྒྱ་ནག་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཏུ་རྩིས་པས་རྒྱ་ནག་ལ་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་རེག་ཡོད། དེ་ཚོ་ནི་ཨ་རི་ལ་རེག་གི་མེད། ཅེས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་འཛམ་གླིང་ཚོང་དོན་ལྷན་ཚོགས་ལ་ཐེངས་མང་སྐྱོན་བརྗོད་བྱས།

འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར་ན། རྒྱལ་ཁབ་ཅིག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་དུ་ཚུད་ཚེ། རྒྱབ་ཁབ་དེ་ཡིས་རྒྱལ་ཁབ་སྐྱོ་བོར་དཀའ་ངལ་སེལ་ཆེད་དཔལ་འབྱོར་དང་འཕྲུལ་ལས་ཀྱི་རམ་འདེགས་སྤྲོད་མི་དགོས། འོན་ཀྱང་། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁོངས་སུ་ཡོད་ཚེ། རྒྱལ་ཁབ་སྐྱོ་བོ་ཚོར་དཔལ་འབྱོར་དང་འཕྲུལ་ལས་ཐོག་རམ་འདེགས་བྱེད་དགོས་ཡོད།

ཨ་རི་དང་འཛམ་གླིང་ཚོང་དོན་ལྷན་ཚོགས་གཉིས་བར་བྱུང་བའི་དཀའ་ངལ་ནི། ༢༠༡༩་ལོར་ཨ་རི་ཡིས་ལྷན་ཚོགས་དེའི་བསྐྱར་ཞུའི་ཁྲིམས་ཁང་ཞེས་པར་ཁྲིམས་རྩོད་པ་ཞིག་བསྐོ་བཞག་བྱེད་རྒྱུར་བཀག་སྡོམ་བྱས་པ་ནས་བཟུང་བྱུང་ཡོད། ཁྲིམས་ཁང་དེ་ནི་རྒྱལ་ཁབ་ཕན་ཚུན་བར་ཚོང་དོན་ཐོག་རྙོག་དྲ་འབྱུང་སྐབས་ལྟ་རྟོག་བྱེད་མཁན་དེ་ཡིན།

འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མི་ཨ་རིའི་གཙོས་པའི་ཡུ་རོབ་མཐུན་ཚོགས(European Union)དང་ཉི་ཧོང(Japan)སོགས་ཀྱིས་འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་སྒྲིག་གཞིར་བཅོས་སྒྱུར་དགོས་པའི་རེ་འདུན་བཏོན་ཡོད། དེ་ཡང་ལྷན་ཚོགས་དེའི་ཚོང་དོན་སྒྲིག་གཞི་ཡིས་རྒྱ་ནག་དཔལ་འབྱོར་ཐོག་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་བཞིན་ཡོད་པ་ཤེས་པའི་ཐོག་ནས། འཛམ་གླིང་དཔལ་འབྱོར་གྱི་དངོས་ཡོད་གནས་སྟངས་གསར་པ་འདིའི་ཐད་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པར་མ་ཟད། རོགས་འདེགས་མཁོ་བའི་རྒྱལ་ཁབ་དང་འཕྲུལ་ལས་སྐྱེད་འདྲེན་ལྟ་བུའི་དཀའ་ངལ་ཡང་སེལ་དགོས་པའི་སྐོར་ནས་རེ་འདུན་བཏོན་འདུག སྲིད་འཛིན་ཊོམ་ཕུ་ཡིས་གལ་སྲིད་ལྷན་ཚོགས་དེའི་སྒྲིག་གཞི་འགྱུར་བ་མ་བཏང་ཚེ་ཨ་རི་ལྷན་ཚོགས་དེ་ནས་ཐོན་རྒྱུ་ཡིན་པ་བརྗོད་འདུག

འཛམ་གླིང་ཚོང་དོན་ལྷན་ཚོགས་ནི། རྒྱལ་ཁབ་ཕན་ཚུན་བར་ཚོང་འབྲེལ་ཐད་སྒྲིག་གཞི་ལྟ་རྟོག་བྱེད་མཁན་ཞིག་ཡིན། དེ་ནི་༡༩༩༥་ལོར་ཚོང་འབྲེལ་གྱི་སྒྲིག་གཞི་དང་ཚོང་ཁྲལ་ཉུང་དུ་གཏོང་ཆེད་བཙུགས་པ་ཞིག་ཡིན་ཞིང་། ད་ལྟར་ཚོགས་མི་རྒྱལ་ཁབ་༡༦༤་ཡོད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།