18
Thu, Apr

རྒྱ་གར་གྱི་ཉེན་རྟོག་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༥་ཚེས་༧་ཉིན་སྤེལ། རྒྱ་གར་རྒྱལ་ཡོངས་སུ་ཉེན་རྟོག་པ་ཁྲི་གསུམ་ལྷག་གིས་རྒྱ་གར་མི་མང་ཐེར་འབུམ་༡༣་ལྷག་ཁྱིམ་སྡོད་བཀའ་རྒྱ་འོག་ཏུ་གནས་ཆེད་ཉིན་རྟག་པར་ལྟ་རྟོག་བྱེད་བཞིན་ཡོད། འོན་ཀྱང་། ཁོ་ཚོའི་ཁྲོད་ནས་ཉེན་རྟོག་པ་བརྒྱ་ཕྲག་འགའ་ལ་ཏོག་ནད་ཕོག་ཡོད་པ་དང་། འགའ་ཤས་འདས་གྲོངས་སུ་ཕྱིན་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་རུ་ཏེར་ནས་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་གར་རྒྱལ་ཡོངས་སུ་ད་སྔ་ཏོག་དབྱིབས་གཉན་སྲིན་༡༩་པ་ཕོག་མཁན་གྲངས་༥༢༠༠༠་ལྷག་བྱུང་ཡོད་པ་དང་། དེའི་ཁྲོད་མི་༡༥༢༠༠་ལྷག་དྲག་བསྐྱེད་བྱུང་བ་དང་། ༡༧༨༠་ལྷག་འདས་གྲོངས་སུ་ཕྱིན་འདུག

རྒྱ་གར་གཞུང་གིས་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་དེ་ཟླ་༣་ཚེས་༢༥་ནས་བཏང་ཡོད། དུས་ཡུན་འདིའི་རིང་། རྒྱ་གར་གྱི་ཉེན་རྟོག་པ་ཁྲི་གསུམ་ལྷག་གིས་རྒྱ་གར་མི་མང་ཐེར་འབུམ་༡༣་ཁྱིམ་སྡོད་བཀའ་རྒྱ་འོག་ཏུ་གནས་ཆེད་ཉིན་རྟག་པར་ལྟ་རྟོག་བྱེད་བཞིན་ཡོད། འོན་ཀྱང་། རྒྱ་གར་མི་ཁག་ཅིག་གིས་ཉེན་རྟོག་པར་རྒོལ་འཛིང་དང་གནོད་འཚེ་བཏང་བའི་གནས་ཚུལ་བྱུང་ཡོད། རྒྱ་གར་ནང་དུ་ད་སྔ་ཤེས་རྟོགས་བྱུང་བ་ལྟར་ན། ཉེན་རྟོག་པ་ཁྱོན་༦༩༠་ལྷག་ནད་ཡམས་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་པ་དང་། ཁག་ཅིག་འདས་གྲོངས་སུའང་ཕྱིན་འདུག

ཏོག་དབྱིབས་གཉན་སྲིན་༡༩་པ་དེ་ཕོག་པའི་གནས་ཚུལ་མང་ཤོས་བྱུང་བའི་རྒྱ་གར་གྱི་མངའ་སྡེ་མ་ཧ་ར་ཤི་ཊ་རའི་ནང་དུ། ད་སྔ་ནད་ཡམས་དེ་ཕོག་མཁན་ཁྱོན་མི་༡༦༧༥༨་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ཉེན་རྟོག་པ་༤༥༠་ལྷག་ལ་ནད་ཡམས་དེ་ཕོག་ཡོད་འདུག གཞན་ཡང་། རྒྱ་གར་ནང་ཏོག་ནད་ཕོག་མཁན་མང་ཤོས་གཉིས་པ་མངའ་སྡེ་གྷུ་ཇི་ར་ཊིའི་ནང་དུའང་། ནད་ཡམས་དེ་ཕོག་མཁན་ཁྱོན་༦༦༢༥་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ཉེན་རྟོག་པ་༡༥༥་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ད་དུང་། རྒྱལ་གར་གྱི་རྒྱལ་ས་ལྡི་ལིར་ཁྱོན་མི་༥༥༣༢་ལ་ཏོག་དབྱིབས་གཉན་སྲིན་༡༩་པ་ཕོག་ཡོདཔ་དང་། དེའི་ནང་ནས་ཉེན་རྟོག་པ་༢༥་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པ་དང་། ཁ་སང་ཉེན་རྟོག་པ་གཅིག་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག དེ་བཞིན། མངའ་སྡེ་ཏ་མིལ་ན་ཌོའི་ནང་དུ་ཏོག་དབྱིབས་གཉན་སྲིན་༡༩་པ་ཕོག་མཁན་ད་སྔ་ཁྱོན་མི་༤༨༢༩་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ཉེན་རྟོག་པའི་འགོ་གཙོ་ཞིག་དང་གཞན་ཉེན་རྟོག་པ་༣༦་ལ་ནད་ཡམས་དེ་ཕོག་འདུག གཞན་ཡང་། མ་ཌི་མངའ་སྡེ་ནས་ཉེན་རྟོག་པ་༣༡་ལ་ནད་ཡམས་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་། རྒྱ་གར་སྲིད་བློན་མོ་ཌི་མཆོག་གིས་སྨན་པ་དང་སྨན་ཞབས་པ། ཉེན་རྟོག་པ། གཙང་བཟོ་ལས་བྱེད། དགོས་ངེས་ཅན་གྱི་ཅ་དངོས་སྐྱེལ་འདྲེན་བྱེད་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུས་སོང་། ཁོ་ཚོ་ཡིས་རང་ཉིད་ཀྱི་བདེ་སྐྱིད་བློས་བཏང་བྱས་ཏེ་མི་མང་སྐྱོབ་ཐབས་བྱེད་ཀྱི་ཡོད། ཁོ་ཚོར་དངོས་གནས་བསྔགས་བརྗོད་ཐོབ་འོས་པ་ཞིག་རེད། ཅེས་བརྗོད་འདུག

ད་སྔ་འཛམ་གླིང་ཁྱོན་ཡོངས་ལ་སྨན་པ་དང་སྨན་ཞབས་པ་༩༠༠༠༠་ལྷག་ལ་ཏོག་ནད་དེ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་། དེའི་ལྡབ་གཉིས་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག དེའི་ཁྲོད་ནས་མི་༢༦༠་འདས་གྲོངས་སུ་ཕྱིན་འདུག

རྒྱ་གར་རྒྱལ་ཡོངས་སུ་ཐེམ་སྤང་བཀའ་རྒྱ་བཏང་བའི་དབང་གིས་མངའ་སྡེ་གཞན་གྱི་ནང་དུ་ལྷག་བསྡད་ཡོད་པའི་ལས་མི་དང་། སློབ་ཕྲུག ཡུལ་སྐོར་སྤྲོ་འཁྱམ་པ་བཅས་ཁྱོན་མི་འབུམ་གཅིག་ཁྲི་གཉིས་ཙམ་ཉེ་ཆར་རྒྱ་གར་གཞུང་གིས་དམིགས་བསལ་མེ་འཁོར་ཁྱོན་༡༢༥་ནས་མངའ་སྡེ་སོ་སོར་སྐྱེལ་འདྲེན་བྱས་འདུག

ད་དུང་། ཟླ་འདིའི་ཚེས་༧་ནས་༡༤་བར། རྒྱ་གར་གྱི་དམིགས་བསལ་གནམ་གྲུ་ཁྱོན་༡༧་ཡིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཐེམ་སྤང་བཀའི་རྐྱེན་གྱིས་ལྷག་བསྡད་ཡོད་པའི་རྒྱ་གར་གྱི་མི་སེར་རྣམས་ཕྱི་རང་ཡུལ་དུ་ལེན་རྒྱུ་ཡིན་པར་གསལ་འདུག