23
Tue, Apr

༢༠༢༠་ལོའི་ཟླ་༤་ཚེས་༡༤་ཉིན། སྲིད་བློན་མོ་ཌི་མཆོག་གིས་རྒྱ་གར་རྒྱལ་ཡོངས་སུ་གསལ་བསྒྲགས་སྤེལ་སྐབས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༤་ཉིན། སྲིད་བློན་མོ་ཌི་མཆོག་གིས་རྒྱ་གར་རྒྱལ་ཡོངས་སུ་སླར་ཡང་ཉིན་ཉི་ཤུ་རིང་གི་ཐེམ་སྤང་བཀའ་རྒྱ་ཕེབས། དེ་ནི་དེ་རིང་ཚེས་༡༤་ནས་ཟླ་ལྔ་པའི་ཚེས་༣་བར་དུ་ཡིན་འདུག ཁོང་གིས་མི་མང་ཚོར་ཐེམ་སྤང་བཀའ་རྒྱ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་གཞི་སྲུང་དགོས་པའི་གསལ་བསྒྲགས་སྤེལ་སོང་།

དེ་ཡང་། སྲིད་བློ་མོ་ཌི་མཆོག་གིས་རྒྱ་གར་རྒྱལ་ཡོངས་ལ་གསལ་བསྒྲགས་སྤེལ་སྐབས། གནད་དོན་གཙོ་བོ་བདུན་གསུང་ཡོད། དང་པོ། ཁྱིམ་དུ་ཡོད་པའི་བགྲེས་སོང་ཚོ་བདག་པོ་ལེགས་པོ་རྒྱག་རོགས། དམིགས་བསལ་ན་ཚ་ཡོད་པའི་བགྲེས་སོང་ཚོར་བདག་པོ་ལེགས་པོ་རྒྱག་རོགས། གཉིས་པ། ཐེམ་སྤང་བཀའ་རྒྱ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་གཞི་སྲུང་དགོས། གསུམ་པ། རང་གིས་བཟོས་པའི་ཁ་རས་རྒྱུན་དུ་བེད་སྤྱོད་ཐོངས། བཞི་པ། གཞུང་གིས་ཏོག་དབྱིབས་གཉན་སྲིད་སྔོན་འགོག་སླད་བཟོས་པའི་ཁ་པར་མཉེན་ཆས(Arogya Setu)་ཕབ་ལེན་བྱེད་རོགས། ལྔ་པ། དབུལ་པོ་ཚོར་ཁ་ལག་སོགས་ཀྱི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱེད་རོགས། དྲུག་པ། ཁྱོད་ཀྱི་ལས་ཁུངས་སུ་ཡོད་པའི་མི་རྣམས་ལ་བྱམས་བརྩེ་སྤྲོད། མི་རྣམས་ཕྱིར་ཕུད་མ་གཏོང་། བདུན་པ། ང་ཚོའི་སྨན་པ་དང་ཉེན་རྟོག་པ་ཚོར་གུས་ཞབས་བྱོས།

གཞན་ཡང་། སྲིད་བློན་མཆོག་གིས་གསུང་དོན། ང་ཚོས་བྱེད་དགོས་པ་ནི་ཏོག་དབྱིབས་གཉན་སྲིན་ན་པ་མང་དུ་འགྲོ་མི་འཇུག་པ་བྱེད་རྒྱུ་དེ་རེད། རྒྱ་གར་གྱི་མངའ་སྡེ་སུ་ཞིག་ཡིན་རུང་ཏོག་དབྱིབས་གཉན་སྲིན་གྱིས་ཉེན་ཁ་ཆགས་སྲིད། དེར་བརྟེན། མངའ་སྡེ་གཞུང་གིས་ངེས་པར་དུ་གཟབ་ནན་བྱེད་དགོས། བདུན་ཕྲག་རྗེས་མ་ནས་བཟུང་ཏོག་དབྱིབས་གཉན་སྲིན་ཉེན་ཁ་ཡོད་པའི་མངའ་སྡེ་དེ་དག་གི་ནང་ཐེམ་སྤང་བཀའ་རྒྱའི་སྒྲིག་གཞི་དམ་དུ་གཏོང་རྒྱུ་ཡིན། ཏོག་དབྱིབས་གཉན་སྲིན་ཉུང་ཉུང་ཡོད་པའི་མངའ་སྡེ་ཁག་གི་ནང་སྒྲིག་གཞི་ཏོག་ཙམ་ལྷོད་དུ་གཏོང་རྒྱུའི་ཐོག་བསམ་བློ་གཏོང་རྒྱུ་ཡིན། ཞེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། སྤྱི་ཚོགས་རྒྱང་བཀྱེད་དང་ཐེམ་སྤང་གིས་རྒྱ་གར་ལ་ཕན་ཐོགས་བྱུང་ཡོད། དུས་ཚོད་འདིའི་རིང་ང་ཚོར་དཔལ་འབྱོར་གྱི་ཐོག་གྱོད་རེག་ཡོད། འོན་ཀྱང་། དེ་ནི་ང་ཚོའི་མི་མང་གི་ཚེ་སྲོག་ལས་གལ་ཆེན་མ་རེད། དེར་བརྟེན། ང་ཚོས་ཇི་ལྟར་བྱས་ནས་མདུན་དུ་བསྐྱོད་དགོས་སམ། ང་ཚོ་ཇི་ལྟར་ཏོག་ནད་ལས་ཐར་དགོས་སམ། ང་ཚོས་ཡང་སྲིད་མངའ་སྡེའི་བློན་ཆེན་དང་མཉམ་དུ་གྲོས་བསྡུར་བྱེད་ཀྱི་ཡོད། ཁོ་ཚོས་ཚང་མས་ཐེམ་སྤང་བཀའ་རྒྱ་དུས་འགྱངས་གཏོང་རོགས། ཞེས་ཞུས་སོང་།

གཞུང་གིས་འཕྲོད་བསྟེན་ཐོག་ནས་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ཟླ་བ་དང་པོའི་ནང་དུ། རྒྱ་གར་ལ་ཏོག་དབྱིབས་གཉན་སྲིན་བརྟག་དཔྱད་ཁང་གཅིག་ལས་མེད། ད་ལྟར་བརྟག་དཔྱད་ཁང་གཉིས་བརྒྱ་ཉི་ཤུ་ལྷག་ཡོད། དེ་བཞིན་རྒྱ་གར་དབུས་དང་མངའ་སྡེ་ཡིས་ཞིང་པ་ཚོའི་དཀའ་ངལ་གང་ཐུབ་ཉུང་དུ་གཏོང་ཐབས་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

མཐའ་མར། སྲིད་བློན་མཆོག་གིས་རྒྱ་གར་གྱིས་ཏོག་དབྱིབས་གཉན་སྲིན་གདོང་ལེན་བྱེད་སྟངས་ཐད་ལེགས་ཤོས་བྱེད་ཀྱི་མེད་ཀྱང་། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་དང་བསྡུར་ན་རྒྱ་གར་ཡག་པོ་བྱེད་ཀྱི་ཡོད། དེར་བརྟེན། རྒྱ་གར་མི་མང་ཡོངས་ཀྱིས་མཐུན་འགྱུར་དང་རོགས་རམ་ལ་ཐུགས་རྗེ་ཆེ་ཞུས་སོང་།

ད་སྔ་རྒྱ་གར་ནང་དུ་ཏོག་དབྱིབས་གཉན་སྲིན་ཕོག་མཁན་མི་ཆིག་ཁྲི་སྟོང་མེད་སུམ་བརྒྱ་དྲུག་ཅུ་རེ་གསུམ་བྱུང་ཡོད་པ་དང་། དེའི་ཁྲོད་ནས་དྲག་བསྐྱེད་བྱུང་བ་ནི་མི་ཆིག་སྟོང་བརྒྱ་མེད་སུམ་ཅུ་སོ་དྲུག་ཡིན་པ་དང་། འདས་གྲོངས་སུ་ཕྱིན་པ་མི་གྲངས་ནི་སུམ་བརྒྱ་སུམ་ཅུ་སོ་དགུ་ཡིན། ད་ཡོད་ནད་པ་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་ཇ་བརྒྱད་ཡིན།