19
Fri, Apr

ཏོག་དབྱིབས་གཉན་སྲིན་ཕོག་པའི་ནད་པ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༡༣་ཉིན་སྤེལ། རྒྱ་ནག་གི་ཏོག་དབྱིབས་གཉན་སྲིན་དང་འབྲེལ་བའི་གནས་ཚུལ་གསར་བ་ཞིག་ཨ་རིའི་གསང་བའི་ལས་ཁུངས་ལ་རེག་ཡོད་པ་དང་། དེའི་ནང་ཟླ་བ་གསུམ་གྱི་རིང་རྒྱ་ནག་ཏུ་ཏོག་ནད་རྐྱེན་གྱིས་རྒྱ་མི་ས་ཡ་ཉི་ཤུ་རྩ་གཅིག་འདས་གྲོངས་སུ་ཕྱིན་པར་གསལ་ཡོད།

དེ་ཡང་། ཨན་ཊི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་རྒྱ་ནག་ནང་ཏོག་དབྱིབས་གཉན་སྲིན་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྐུར་བྱེད་སྐབས། ཨ་རིའི་གསང་བའི་ལས་ཁུངས་ལ་ཏོག་ནད་དེ་དང་འབྲེལ་བའི་གནས་ཚུལ་གསར་བ་ཞིག་རེག་ཡོད་ཅིང་། དེའི་ནང་གསལ་བ་ལྟར་ན། ལོ་སྔོན་མའི་ཟླ་༡༢་ནས་འདི་ལོའི་ཟླ་༣་པའི་བར། ཁྱོན་ཟླ་བ་གསུམ་གྱི་རིང་རྒྱ་ནག་ཏུ་ཏོག་དབྱིབས་གཉན་སྲིན་གྱི་རྐྱེན་པས་མི་ས་ཡ་ཉི་ཤུ་རྩ་གཅིག་འདས་གྲོངས་སུ་ཕྱིན་འདུག

འདི་ནི་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་ཏུ་ཏོག་དབྱིབས་གཉན་སྲིན་ཕོག་མཁན་དང་འདས་གྲོངས་སུ་ཕྱིན་པའི་རྒྱ་གཞུང་གི་གྲངས་ཐོ་དེ་རྫུན་མ་ཡིན་པར་ར་སྤྲོད་བྱས་པ་ཐེངས་གཉིས་པ་དེ་ཡིན། འོན་ཀྱང་། རྒྱ་ནག་གི་སྲིད་བློན་གྱི་མགྲིན་ཚབ་པ་ཧཱ་ཁྲིན་དབྱིང་ཀྱིས་རྒྱ་གཞུང་གིས་ཏོག་དབྱིབས་གཉན་སྲིན་དང་འབྲེལ་བའི་གནས་ཚུལ་ནི་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད་སྐོར་དང་། ཨ་རི་ཡིས་ནད་དུག་གི་འགན་འཁྲི་གཞན་ལ་ཁག་དཀྲི་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེའི་སྔོན་བཏོན་པའི་སྙན་ཐོ་ལྟར་ན། རྒྱ་ནག་ནང་ཁ་པར་ས་ཡ་མང་པོ་སྒོ་བརྒྱབ་ཡོད་པ་ནི། ཁ་པར་གྱི་བདག་པོ་ཏོག་དབྱིབས་གཉན་སྲིན་ཕོག་ནས་འདས་གྲོངས་སུ་ཕྱིན་པའི་རྐྱེན་གྱིས་ཡིན་སྐོར་དང་། རྒྱ་ནག་ནང་ཁ་པར་ནི་འཚོ་བ་དང་ཁ་བྲལ་ཐབས་མེད་པར་ཆགས་ཡོད། ཁ་པར་བདག་པོ་འདས་གྲོངས་སུ་ཕྱིན་ན་མ་གཏོགས་ཁ་པར་སྒོ་རྒྱག་མི་སྲིད་པ་རེད། ཅེས་བརྗོད་འདུག

རྒྱ་ནག་ནང་ཁ་པར་ཉོ་སྐབས། རང་ཉིད་ཀྱི་ངོས་འཛིན་བྱང་བུ་ཁ་པར་དང་ངེས་པར་དུ་མཐུད་དགོས་ཀྱི་ཡོད། ཁ་པར་གྱི་ཐོག་ནས་མེ་འཁོར་དང་གནམ་གྲུའི་འཛིན་བྱང་ཉོ་བ་དང་། གློག་དང་ཆུ་རིན་སྤྲོད་ཀྱི་ཡོད་པ་མ་ཟད། ཉོ་ཆ་རྒྱག་སྐབས་ཀྱང་ཁ་པར་བརྒྱུད་ནས་དངུལ་སྤྲོད་དགོས་ཀྱི་ཡོད། དེར་བརྟེན། ཁ་པར་ནི་རྒྱ་མི་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཆགས་ཡོད། མི་གསོན་པོ་ཞིག་གིས་ཁ་པར་གཏན་ནས་སྒོ་རྒྱག་མི་སྲིད་པ་ཞིག་རེད། ཅེས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གནད་དོན་དཔྱད་ཞིབ་པ་ཐམ་ཇིན་ཡུན་གྱིས་བརྗོད་འདུག

༢༠༡༠ལོ་ནས་རྒྱ་ནག་ཏུ་མི་ཚོས་རང་ཉིད་ཀྱི་ངོས་འཛིན་བྱང་བུ་ཁ་པར་དང་ངེས་པར་མཐུད་དགོས་པ་བཟོས་ཡོད་ལ། ༢༠༡༩་ལོའི་ཟླ་༡༢་ཚེས་༡་ཉིན་ནས་བཟུང་། ཁ་པར་ཉོ་སྐབས་ངོ་གདོང་པར་བརྒྱབ་ནས་ཐོ་འགོད་བྱེད་དགོས་པ་བཟོས། འདི་དག་བརྒྱུད་ནས་རྒྱ་གཞུང་གིས་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་འགོག་ཐབས་བྱེད་ཀྱི་ཡོད།

འདི་ལོའི་ཟླ་༣་ཚེས་༡༠་ཉིན། རྒྱ་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་མི་ཚང་མས་འཕྲོད་བསྟེན་བརྟག་དཔྱད་ཀྱི་མཉེན་ཆས་ཤིག་ཕབ་ལེན་བྱས་བཅུག་ནས་རང་གི་འཕྲོད་བསྟེན་གྱི་གནས་སྟངས་ཐོ་འགོད་བྱས་བཅུག་ཡོད། མཉེན་ཆས་དེའི་ནང་ཚོན་མདོག་གསུམ་ཡོད། དེ་གསུམ་གྱིས་མིའི་འཕྲོད་བསྟེན་གྱི་གནས་སྟངས་མཚོན་གྱི་ཡོད། དེ་ཡང་དམར་པོ་ནི་ཏོག་ནད་ཕོག་པ་དང་། སེར་པོ་ནི་ཏོག་ནད་ཕོག་པའི་ཉེན་ཁ་ཡོད་པ། ལྗང་ཁུ་ནི་ཏོག་ནད་ཕོག་མེད་པ་བཅས་རེད།

རྒྱ་ནག་ཁ་པར་ཞེས་པའི་ཚོང་གཉེར་ཁང་དེ་ནི་རྒྱ་ནག་གི་ཁ་པར་ཚོང་གཉེར་ཁང་ཆེ་ཤོས་ཤིག་ཡིན། རྒྱ་ནག་གི་ཁྲོམ་ར་ནང་དུ་ཁོ་ཚོའི་ཁ་པར་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད། ༢༠༡༩་ལོའི་ཟླ་༡༢་ནང་ཚོང་གཉེར་ཁང་དེའི་ཁ་པར་བེད་སྤྱོད་གཏོང་མཁན་ས་ཡ་གསུམ་དང་འབུམ་བདུན་ཁྲི་གསུམ་ཉིས་སྟོང་ལྷག་གསར་པ་བྱུང་འདུག འོན་ཀྱང་། འདི་ལོའི་ཟླ་༢་པའི་ནང་དུ། ཁ་པར་སྤྱོད་མཁན་ས་ཡ་བདུན་དང་འབུམ་གཉིས་ཁྲི་ལྔ་བཞི་སྟོང་མེད་པ་གྱུར་སོང་། ཞེས་སྙན་ཐོ་ཐོན།

དེ་ཡང་། ཟླ་༣་ཚེས་༡༩་ཉིན། རྒྱ་ནག་གི་བཟོ་ལས་དང་བརྡ་འཕྲིན་འཕྲུལ་ལས་ཀྱི་བློན་ཆེན་གྱིས་གསལ་བསྒྲགས་སྤེལ་བའི་ནང་། འདི་ལོའི་ཟླ་༢་པའི་ནང་། རྒྱ་ནག་གི་ཞིང་ཆེན་ཁག་ཏུ་ཁ་པར་ས་ཡ་༢༡་གཏན་ནས་སྒོ་བརྒྱབ་ཡོད་པ་གསལ་འདུག དེ་བཞིན། ཟླ་༣་ཚེས་༡༩་ཉིན། པེ་ཅིན་སྲིད་གཞུང་གིས་ཟླ་བ་གསུམ་ནང་ཁ་པར་ས་ཡ་༢༡་ལྷག་གཏན་ནས་སྒོ་བརྒྱབ་པ་དང་། གདན་གཞག་ཁ་པར(landlines)་འབུམ་བརྒྱད་ཁྲི་བཞི་བཅུ་གཏན་ནས་སྒོ་བརྒྱབ་ཡོད་པར་བསྒྲགས་འདུག

གསལ་བསྒྲགས་ཀྱི་གྲངས་ཐོ་དེ་ཚོར་གཞིགས་ན། ཁ་པར་དང་གདན་གཞག་ཁ་པར་གྱི་བདག་པོ་རྣམས་ཏོག་དབྱིབས་གཉན་སྲིན་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་གྲངས་ཐོ་ཡིན་པར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་འགྲེལ་བརྗོད་བྱས་འདུག འོན་ཀྱང་། རྒྱ་གཞུང་གིས་ད་བར་རྒྱ་ནག་ནང་ཏོག་དབྱིབས་གཉན་སྲིན་ཕོག་མཁན་བརྒྱད་ཁྲི་ཆིག་སྟོང་དང་། འདས་གྲོངས་སུ་ཕྱིན་པའི་སུམ་སྟོང་སུམ་བརྒྱ་ཡི་གྲངས་ཐོ་ལས་བཏོན་མེད།