24
Wed, Apr

ཉི་ཧོང་གི་སྲིན་བློན་ཨ་བྷད།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༤་ཚེས་༡༠་ཉིན་སྤེལ། ཉི་ཧོང་གཞུང་གིས་རྒྱ་ནག་ཏུ་ཡོད་པའི་ཚོང་ལས་ཁང་མང་པོ་ཞིག་ཕྱིར་ཐོན་ཆེད། རོགས་དངུལ་ཨ་སྒོར་ཐེར་འབུམ་གཉིས་ལྷག་སྤྲོད་རྒྱུ་ཡིན་པ་དང་། ཚོང་ལས་ཁང་དེ་ཚོ་ཉི་ཧོང་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་དུ་སྤོ་རྒྱུ་ཡིན་འདུག དེ་ནི་མ་འོངས་པར་ཉི་ཧོང་གི་ཚོང་ལས་རྒྱ་ནག་ལ་བརྟེན་མི་དགོས་པའི་འཆར་གཞི་ཞིག་ཡིན་པར་བརྗོད་འདུག

དེ་ཡང་། ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ད་ལོ་རྒྱ་ནག་ནང་ཏོག་དབྱིབས་གཉན་སྲིན་གྱི་ནད་ཡམས་བྱུང་རྐྱེན། རྒྱ་གཞུང་གིས་ཚོང་ལས་ཁང་དང་གྲོང་ཁྱེར་སོགས་སྒོ་བརྒྱབ་པ་དང་། ཉི་ཧོང་གི་ཚོང་ལས་ཁང་མང་པོ་ཞིག་རྒྱ་ནག་གི་ནང་དུ་ཡོད་པས། ཉི་ཧོང་དང་དེའི་ཚོང་རོགས་ཚོར་དགོས་མཁོ་ཅན་གྱི་ཚོང་དངོས་རྣམས་རྒྱ་གཞུང་གིས་བཀག་སྡོམ་བྱས་སྟབས་རྒྱལ་ཁབ་དེ་ཚོར་གྱོད་ཆེན་པོ་རེག་ཡོད། དེར་བརྟེན། ཉི་ཧོང་གཞུང་གིས་སྔོན་རྩིས་ཀྱི་རྩིས་ཁྲའི་ནང་ཚོང་ལས་ཁང་དེ་ཚོར་རོགས་དངུལ་སྤྲོད་རྒྱུའི་ཆེད་ཨ་སྒོར་ཐེར་འབུམ་གཉིས་དང་ཚག་གཉིས་བཞག་འདུག དེ་ནི་མ་འོངས་པར་ཉི་ཧོང་གི་ཚོང་ལས་རྒྱ་ནག་ལ་བརྟེན་མི་དགོས་པའི་འཆར་གཞི་ཞིག་ཡིན་པར་བརྗོད་འདུག

སྔོན་རྩིས་དེའི་ནང་དུ་། ཉི་ཧོང་གི་སྒོར་མོ་ཐེར་འབུམ་༢༢༠་རྒྱ་ནག་ནས་ཉི་ཧོང་ནང་དུ་སྤོ་མཁན་གྱི་ཚོང་ལས་ཁང་དེ་ཚོར་སྤྲོད་རྒྱུ་དང་། ཉི་ཧོང་གི་སྒོར་མོ་ཐེར་འབུམ་༢༣.༥་ ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་སྤོ་མཁན་གྱི་ཚོང་ལས་ཁང་དེ་ཚོར་སྤྲོད་རྒྱུ་ཡིན་འདུག

ཉི་ཧོང་ཞིབ་འཇུག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པ་བ་སི་ནི་ཆི་སེ་ཀི་ཡིས་བརྗོད་དོན། རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གི་ཚོང་ལས་ཁང་མང་པོ་ཞིག་གིས་རྒྱ་ནག་ནས་ཕྱིར་ཐོན་གྱི་བསམ་བློ་གཏོང་བཞིན་ཡོད། ཐེངས་འདིར་གཞུང་གིས་རོགས་དངུལ་སྤྲོད་ཀྱི་ཡོད་པས། ཁོ་ཚོར་གནས་སྤོ་བྱ་རྒྱུའི་འདུན་པ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། འོན་ཀྱང་། རླངས་འཁོར་བཟོ་གྲྭ་ཚོ་ཕལ་ཆེར་མུ་མཐུད་ནས་རྒྱ་ནག་ནང་གནས་རྒྱུ་ཡིན་རྒྱུ་རེད། ཅེས་འགྲེལ་བརྗོད་བྱས་འདུག

དང་ཐོག རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་གཉན་སྲིད་འབྱུང་སྐབས། ཉི་ཧོང་གིས་རྒྱ་ནག་ལ་ནད་དུག་སྔོན་འགོག་ཆེད་ཁ་རས་སོགས་ཀྱི་རོགས་རམ་བྱས་ཡོད། འོན་ཀྱང་། དེའི་རྗེས། ནད་དུག་འཛམ་གླིང་གང་སར་ཁྱབ་ནས་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་རྗེས། ཉི་ཧོང་ནང་མི་མང་པོ་ཞིག་གིས་ཝུ་ཧན་དུ་ཏོག་དབྱིབས་ནད་དུག་འབྱུང་སྐབས། རྒྱ་གཞུང་གིས་དེའི་ཐོག་སྦས་གསང་དང་སྔོན་ནས་འགྲུལ་སྐྱོད་བཀག་སྡོམ་མ་བྱས་པར་སྐྱོན་བརྗོད་བྱས་འདུག