16
Tue, Apr

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇམ་བྷན་ཁི་(Reps. Jim Banks )་དང་གྲོས་ཚོགས་འོག་མའི་འཐུས་མི་སེ་ཐི་མོ་ཊོན་(Seth Moulton)

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༢༧་ཉིན་སྤེལ། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གདོང་ལེན་བྱེད་སྟངས་ཐོག་ཉེས་འཛུགས་ཀྱི་གྲོས་ཆོད་བཏོན་ཡོད་པ་དང་། དེ་ནི་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གནས་ཚུལ་སྦས་གསང་བྱས་ནས་འཛམ་གླིང་མི་མང་གི་ཚེ་སྲོག་ལ་ཉེན་ཁ་བཟོས་པའི་སྐོར་གྱི་གྲོས་ཆོད་ཅིག་རེད།

དེ་ཡང་། ཟླ་འདིའི་ཚེས་༢༤་ཉིན། ཨ་རིའི་ཧྥོ་ཁི་སི་གསར་ཁང་ནས་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇམ་བྷན་ཁི་(Reps. Jim Banks )་དང་གྲོས་ཚོགས་འོག་མའི་འཐུས་མི་སེ་ཐི་མོ་ཊོན་(Seth Moulton)་གཉིས་ཀྱིས། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གདོང་ལེན་བྱེད་སྟངས་ཐོག་ཉེས་འཛུགས་ཀྱི་གྲོས་ཆོད་བཏོན་འདུག

གྲོས་ཆོད་དེའི་ནང་། རྒྱ་ནག་ཧུ་པད་ཞིང་ཆེན་དང་ས་གནས་གཞན་གྱི་འཕྲོད་བསྟེན་དང་བདེ་སྲུང་དཔོན་པོ་ཚོས་མི་མང་ལ་ཏོག་དབྱིབས་ནད་དུག་ཐོག་གོ་རྟོགས་ཉུང་བ་སྤེལ་བ་དང་། ཚན་རིག་པས་ཉམས་ཞིབ་བྱེད་རྒྱུར་བཀག་སྡོམ་བྱས་པ་བཅས་ཀྱི་ཐོག་སྐྱོན་འཛུགས་དང་། རྒྱ་གཞུང་གིས་སྨན་པ་དང་འཕྲོད་བསྟེན་སྡེ་ཚན་གྱི་མི་སྣས་ཏོག་དབྱིབས་ནད་དུག་དང་ཐོག་ཝུ་ཧུན་ནས་འབྱུང་སྐབས་ཉེན་བརྡ་བཏང་ཀྱང་། རྒྱ་གཞུང་གིས་ཁོ་ཚོའི་སྨྲ་བརྗོད་རང་དབང་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁོ་ཚོ་ནི་དཀྲོགས་གཏམ་སྤེལ་མཁན་རེད་ཅེས་ཉེས་འཛུགས་བྱས་ཡོད།

རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་༢༠༡༩་ལོའི་ཟླ་༡༢་ཚེས་དཀྱིལ་ནས་ཤེས་རྟོགས་བྱུང་ཡོད། སྨན་པ་ཁག་ཅིག་གིས་ཀྱང་ནད་དུག་དེ་ཉེན་ཚབས་ཆེན་པོ་ཡིན་པ་བརྗོད་ཡོད། འོན་ཀྱང་། རྒྱ་གཞུང་གིས་སྨན་པ་དེ་ཚོར་མ་ཉེས་ཁ་གཡོག་བྱས། ལྷག་པར་དུ། ཟླ་དང་པོའི་ནང་དུ། སྨན་པ་ཞིག་གིས་ཏོག་དབྱིབས་ནད་དུག་དེ་ཉེན་ཚབས་ཆེན་པོ་ཡོད་པར་བརྗོད་ཡོད་ཀྱང་། རྒྱ་གཞུང་གིས་ཁོར་གནས་ཚུལ་རྫུན་མ་སྤེལ་ནས་སྤྱི་ཚོགས་ལ་བརྡབ་གསིག་བཏང་སོང་། ཅེས་བཙན་དབང་ཐོག་ནས་མཚན་རྟགས་རྒྱག་བཅུག་ཡོད།

རྒྱ་གཞུང་གིས་དང་ཐོག་ནས་ཏོག་དབྱིབས་ནད་དུག་གི་གནས་ཚུལ་ངོ་མ་ཕྱིར་བསྒྲགས་མ་བྱས་ནས་ནོར་འཁྲུལ་ཚབས་ཆེན་བྱས་ཡོད། དེའི་རྐྱེན་གྱིས་ད་ལྟར་འཛམ་གླིང་མི་མང་ས་ཡ་མང་པོར་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད། རྒྱ་གཞུང་གིས་ཆེད་མངགས་གནས་ཚུལ་རྫུན་མ་ཁྱབ་བཅུག་ཡོད་པ་དང་། རྒྱལ་སྤྱིའི་འཕྲོད་བསྟེན་སྡེ་ཚན་དང་མཉམ་སྦྲེལ་བྱེད་རྒྱུར་ཁས་ལེན་བྱས་མེད། སྨན་པ་དང་གསར་འགོད་པ་ཚོའི་སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱས་ཡོད། ཅེས་གྲོས་ཆོད་ནང་དུ་འཁོད་འདུག

ད་དུང་གྲོས་ཆོད་དེའི་ནང་། རྒྱ་གཞུང་གིས་ཨ་རིའི་ནད་སྔོན་འགོག་ཚོགས་པ་དང་མཉམ་སྦྲེལ་མ་བྱས་པ་མ་ཟད། ཨ་རིའི་ཝ་ཤིན་ཏུན་གསར་ཁང་དང་། ནེའུ་ཡོག་དུས་བབ་གསར་ཁང་སོགས་ཀྱི་གསར་འགོད་པ་ཕྱིར་འབུད་ཀྱང་བཏང་ཡོད། ། རྒྱ་གཞུང་གིས་དཀྲོགས་གཏམ་བཟོས་ནས་ཏོག་དབྱིབས་ནད་དུག་ནི་ཨ་རིས་བཏང་བ་རེད་དང་། ཕྱི་རྒྱལ་ཁབ་ནས་བྱུང་བ་རེད་ཅེས་ཁྱབ་བསྒྲགས། དེ་བཞིན་གནས་ཚུལ་རྫུན་མ་སྤེལ་ནས་ཏོག་དབྱིིབས་ནད་དུག་ཁྱབ་པའི་འགན་གཡོལ་ཐབས་བྱེད་བཞིན་ཡོད། ཅེ་འཁོད་འདུག

གྲོས་ཆོད་འདིའི་ནང་དགོས་འདོན་ཁག་ཅིག་བཏོན་འདུག དེ་དག་ནི་རྒྱ་ནག་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་ཕྱིར་འཐེན་དགོས། ཨ་རིའི་གསར་འགོད་པ་དེ་ཚོ་རྒྱ་ནག་ལ་ཕྱིར་གསར་འགྱུར་འགོད་ཆེད་ཡོང་བཅུག་དགོས། ཡུ་གུར་ཁ་ཆེ་བ་ཚོ་བཙོན་ནས་གློད་གྲོལ་གཏོང་དགོས། བཅས་ཡིན་འདུག

ད་སྔ་གྲོས་ཆོད་དེར་གྲོས་ཚོགས་འཐུས་མི་ཉི་ཤུ་ལྷག་གིས་མཚན་རྟགས་བརྒྱབ་ཡོད་འདུག གལ་སྲིད། རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་ཐོག་བདུན་ཕྲག་གསུམ་གྱི་སྔོན་ལ་གདོང་ལེན་ཡག་པོ་བྱས་ཡོད་ན། ད་ལྟར་རྒྱལ་སྤྱིའི་ཐོག་དཀའ་ངལ་བརྒྱ་ཆ་དགུ་བཅུ་གོ་ལྔ་ཉུང་དུ་ཕྱིན་ཡོད། ཅེས་འགྲེལ་བརྗོད་བྱས་འདུག