19
Fri, Apr

རྒྱ་གར་ནང་དུའང་དེ་རིང་བར་རིམས་ནད་དེ་ཕོག་མཁན་མི་གྲངས་༡༡༤་བྱུང་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༣་ཚེས་༡༦་ཉིན། ཝུ་ཧུན་ཏོག་དབྱིབས་ནད་དུག་འཛམ་གླང་གི་རྒྱལ་ཁབ་བརྒྱ་ལྷག་ལ་ཁྱབ་སྟེ། འཛམ་གླིང་མི་མང་གི་འཕྲོད་བསྟེན་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ད་སྔ་རྒྱལ་སྤྱིའི་ཐོག་རིམས་ནད་དེ་ཕོག་མཁན་ཁྱོན་མི་གྲངས་༡༦༧༠༠་བྱུང་ཡོད་ཅིང་། མི་གྲངས་༦༤༠༠་ཡི་ཚེ་སྲོག་ཤོར་འདུག རྒྱ་གར་ནང་དུའང་དེ་རིང་བར་རིམས་ནད་དེ་ཕོག་མཁན་མི་གྲངས་༡༡༤་བྱུང་འདུག

དེ་ཡང་། རྒྱ་ནག་གི་ཝུ་ཧུན་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་ད་ལྟར་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་དུ་ཁྱབ་ཚར་ཡོད་པ་དང་། མི་གྲངས་༡༦༧༠༠་ལྷག་རིམས་ནད་དེ་ཕོག་ཡོད་འདུག ད་ལྟར་རྒྱལ་སྤྱིའི་སྟེང་དུ་རིམས་ནད་དེ་ཕོག་མཁན་གྱི་གྲངས་ཚད་ནི་རྒྱ་ནག་ལས་མང་བ་ཆགས་ཡོད་འདུག དེ་ནི་རྒྱལ་ཁབ་ཕན་ཚུན་བར་འགྲུལ་སྐྱོད་བཀག་སྡོམ་བྱེད་མ་ཐུབ་པའི་དབང་གིས་ཁྱབ་པ་ཞིག་ཡིན་འདུག

ད་སྔ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཕོག་མཁན་༡༡༤་བྱུང་ཡོད་པ་དང་། ལོ་ན་༧༦་ཡིན་པའི་སྐྱེས་པ་ཞིག་དང་ལོ་ན་༦༨་ཡིན་པའི་བུད་མེད་ཅིག་འདས་གྲོངས་སུ་ཕྱིན་འདུག རྒྱ་གར་གྱི་མངའ་སྡེ་༡༤་ནང་དུ་རིམས་ནད་དེ་ཁྱབ་དར་ཕྱིན་འདུག དེའི་ནང་ནས་རྒྱ་གར་གྱི་མི་སེར་གྲངས་༩༦་དང་ཕྱི་རྒྱལ་བ་གྲངས་༡༨་བཅས་ཡིན་འདུག དེར་བརྟེན། རྒྱ་གར་གཞུང་གིས་འགྲུལ་སྐྱོད་བཀག་སྡོམ་དང་ཕྱི་རྒྱལ་བར་མཐོང་མཆན་སྤྲོད་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་འདུག དེ་བཞིན་རྒྱ་གར་མངའ་སྡེ་མང་པོ་ཞིག་གིས་མི་མང་འདུ་འཛོམས་མི་ཆོག་དང་། རྩེད་རིགས་རིགས་ཚང་མ་གནས་སྐབས་མཚམས་འཇོག་བྱས་འདུག སློབ་གྲྭ་ཁག་སྒོ་བརྒྱབ་ཡོད།

དེའི་ནང་ནང་ནས་ཀཱ་ཎ་ཊ་ཀཱ་མངའ་སྡེ་གཞུང་གིས་ཟླ་འདིའི་ཚེས་༡༥་ནས་བདུན་གཅིག་གི་རིང་། བྷན་ལོའི་མི་མང་འཛོམས་པའི་ཚོང་ར་ཆེན་པོ་དང་། གློག་བརྙན་ཁང་། མཐོ་སློབ་ཁག སོགས་སྒོ་རྒྱག་རྒྱུའི་བཀའ་བཏང་འདུག དེ་བཞིན་ཧི་བཅའ་མངའ་སྡེ་ནང་གི་ཀམ་གྷི་ར་རྫོང་གིས་བཀའ་ཁྱབ་སྡེ་ཚན་༡༤༤་ཞེས་པ་དེ་ལག་བསྟར་བྱས་ཡོད་པ་དང་། དེ་ནི་མི་བཞི་ལས་མང་བ་མཉམ་འཛོམས་བྱེད་མི་ཆོག་པའི་བཀའ་བཏང་ཡོད་འདུག ད་ལྟར་རིམས་ནད་མང་ཤོས་ཁྱབ་པའི་རྒྱ་གར་མངའ་སྡེ་མཱ་ཧཱ་རཱ་ཤཱི་ཏི་ར་ནང་དུ་བཀའ་ཁྱབ་སྡེ་ཚན་༡༤༤་དེ་ཡང་བཏང་ཡོད་འདུག

ད་ལྟར་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་དུ་ཏོག་དབྱིབས་རིམས་དེ་ཚབས་ཆེན་པོ་ཆགས་ཡོད་ཅིང་། དེའི་ནང་ནས་ཨི་ཊ་ལི་ནང་རིམས་ནད་ཕོག་མཁན་༢༤༧༤༧་བྱུང་ཡོད་པ་དང་། རྒྱ་ནག་ཕུད་པའི་རིམས་ནད་ཕོགས་མཁན་མང་ཤོག་གི་རྒྱལ་ཁབ་ཆགས་ཡོད། མི་གྲངས་༡༨༠༩་འདས་གྲོངས་སུ་ཕྱིན་འདུག རྒྱལ་ཁབ་དེའི་ནང་དུ་ཚོང་ཁང་དང་འགྲུལ་སྐྱོད་སོགས་སྒོ་བརྒྱབ་ཡོད་འདུག གཞན་ཡང་། ཧྥི་རན་སིར་༤༥༠༠་ལྷག་བྱུང་ཡོད་པ་དང་། མི་གྲངས་༩༡་འདས་གྲོངས་ཕྱིན་འདུག སི་པཎ་ལ་རིམས་ཕོག་མཁན་༤༢༠༠་ལྷག་བྱུང་ཡོིད་པ་དང་། མི་གྲངས་༡༢༠་འདས་གྲོངས་ཕྱིན་འདུག རྒྱལ་ཁབ་དེའི་ནང་དུ་ལས་མི་ཚོར་ཁྱིམ་ནང་ལས་ཀ་བྱེད་བཅུག་དགོས་པའི་བཀའ་བཏང་ཡོད་འདུག འཇར་མན་དུ་༣༠༦༢་བྱུང་ཡོད་འདུག

ད་སྔ་ཨ་རིའི་ནང་དུ་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་གྲངས་༣༤༨༥་ཡོད་པ་དང་། ཨ་རིའི་མངའ་སྡེ་༥༠་ལྷག་གི་ནང་དུ་ཁྱབ་ཚར་ཡོད་འདུག དེའི་ཁྲོད་མི་གྲངས་༦༥་འདས་གྲོངས་སུ་ཕྱིན་འདུག ཉི་ཧོང་དུ་རིམས་ནད་དེ་ཕོག་མཁན་ཁྱོན་མི་གྲངས་༡༥༢༦་དང་། དེའི་ཁྲོད་མི་གྲངས་༣༡་འདས་གྲོངས་སུ་ཕྱིན་འདུག ཏོག་དབྱིབས་རིམས་ནད་རྐྱེན་གྱིས། འཛམ་གླིང་གི་དཔལ་འབྱོར་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དམིགས་བསལ་རྒྱ་ནག་གི་ནང་དུ་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་བརྒྱ་ཆ་༢༥་མར་ཟགས་ཡོད་པའི་གནས་ཚུལ་ཐོན་འདུག དེར་བརྟེན། རྒྱ་གཞུང་གིས་རྒྱ་ནག་གི་དངུལ་ཁང་ཁག་ལ་ཨ་སྒོར་དུང་ཕྱུར་༡༤༣་གཡར་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་རིམས་ནད་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག དེའི་ནད་རྟགས་ནི་གློ་སྐམ་པོ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག

དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་པ་བཅས་ཡིན་འདུག