05
Sun, Apr

རྒྱལ་སྤྱིའི་གསར་འགྱུར།
Typography

ཕྱི་ལོ་ ༢༠༢༠ ཟླ་ ༣ པའི་ཚེས་ ༡༠ ཉིན། ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་དེ་གའི་གཞུང་སྡེའི་ལས་ཁུངས་མདུན་གྱི་གླིང་ག་རུ། བོད་རྒྱལ་ཁབ་ཆེན་མོར་རྒྱ་ནག་དམར་པོས་བཙན་འཛུལ་བྱས་ཏེ་ལོ་ངོ་ ༧༠ འགོར་ཞིང༌། གསུམ་བཅུའི་དུས་དྲན་ཐེངས་ ༦༡ གཟབ་རྒྱས་ངང་སྲུང་བརྩི་བྱས་སོང༌།

དེ་ཡང་མཛད་རིམ་གྱི་ཐོག་མར་བཀའ་སྤྱི་གཉིས་ཀྱི་དུས་དྲན་བསྒྲགས་ཡིག་བོད་དབྱིན་གཉིས་ཀྱི་ཐོག་སྒྲོག་སྦྱང་གནང་རྗེས། འདི་གའི་ས་གནས་ཚོགས་གཙོ་ཕུན་ཚོགས་ལགས་ཀྱིས་གཏམ་བཤད་གནང་བ་ལས་༼དེ་རིང་གི་ཉིན་མོ་ནི་ཧ་ཅང་གལ་ཆེ་ཞིང༌། ངེས་པར་དུ་རྗེས་དྲན་བྱེད་དགོས་པའི་ཉིན་མོ་ཞིག་ཆགས་ཡོད་ལ། ང་ཚོ་གང་ནས་ཡོང་བ་རེད་དམ། བོད་ནས་ཡོང་བ་རེད། ཅིའི་ཕྱིར་ཡོང་བ་རེད་དམ། རང་དབང་མི་འདུག་ལབ་ནས་ཡོང་བ་རེད། ད་ལྟ་གང་ན་གནས་པ་རེད། རང་དབང་ཡོད་པའི་རྒྱལ་ཁབ་ན་གནས་པ་རེད། ང་ཚོའི་རུས་པ་སར་མ་ཐོར་བར་རྒྱུན་དུ་དྲན་པ་གསོས་ཏེ། བོད་དོན་ལས་འགུལ་གང་ཐུབ་ཅི་ཐུབ་སྤེལ་རྒྱུ་གལ་ཆེ་ཞིང༌། བོད་དོན་ཁྱབ་བསྒྲགས་མང་པོ་བྱེད་མ་ཐུབ་རུང༌།མ་མཐའ་ཡང་གསུམ་བཅུའི་དུས་དྲན་གཙོས་བོད་ཀྱི་དུས་ཆེན་ཁག་ངེས་པར་དུ་སྲུང་བརྩི་བྱེད་ཐུབ་དགོས་ཤིང༌། འདི་ནི་ང་ཚོས་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན་པས། ༧རྒྱལ་བའི་དགོངས་དོན་སེམས་སུ་བཅིངས་ཏེ་བོད་ཀྱི་རྩ་དོན་སྒྲུབ་པ་གལ་ཆེན་པོ་འདུག༽ཅེས་འབོད་སྐུལ་གནང་སོང༌།

དེ་རྗེས་སྐུ་མགྲོན་གཙོ་བོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་བྲོ་ལགས་ཀྱིས་གཏམ་བཤད་གནང་བ་ལས༼དེ་རིང་གི་ཉིན་མོ་འདི་རྒྱ་ནག་དམར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ཡུལ་གྲུ་ཡོངས་ཁྲག་གི་ངོ་བོར་སྒྱུར་བའི་ཉིན་མོ་ཞིག་དང༌། འདི་ང་ཚོས་དུས་ནམ་ཡང་བརྗེད་རྒྱུ་མེད་པ་མ་ཟད། རང་དབང་ལུང་པ་འདི་ལྟ་བུ་ཞིག་ལ་སླེབས་ཡོད་དུས། ང་ཚོས་མི་གཅིག་ལས་མེད་ནའང་འགྲེལ་བཤད་བྱེད་དགོས་ཤིང༌། བོད་ནང་དུ་རྒྱ་མིའི་དར་ཆའི་འོག་ཏུ་འཚར་བའི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་དབུ་ཁྲིད་དེ་ཞི་བའི་ངོ་རྒོལ་བྱས་པ་རེད་ལ། ༢༠༠༨ ལོ་ནས་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱས་ཏེ། རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་བཏང་སྟེ་ཁྲག་གི་ལུང་པ་ཞིག་ཏུ་ཡང་བསྐྱར་བསྒྱུར་བ་རེད།

༢༠༠༩ ལོར་ཨ་མདོ་རྔ་བ་རུ་གྲྭ་བཀྲ་བྷེ་ནས་བཟུང༌། རང་ལུས་མེར་བསྲེགས་བཏང་བ་བརྒྱ་དང་དྲུག་བཅུ་ལྷག་ཅིག་གིས་ཞི་རྒོལ་བྱས་ཡོད་པས་ན། དེ་རིང་གི་ཉིན་མོ་འདི་དུས་ནམ་ཡང་བརྗེད་ཀྱི་མེད་ལ། རྒྱ་ནག་གུང་ཁྲན་ཏང་གིས་བོད་དོན་ཐག་གཅོད་མ་བྱས་པར་དུ་ང་ཚོའི་ལས་འགུལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ལས་འགུལ་འདི་འབྲེལ་གྱི་གནད་དོན་ཅི་བྱུང་ཐམས་ཅད་རྒྱ་དམར་གཞུང་གིས་འགན་འཁུར་དགོས་པ་རེད།༽ཅེས་སྐད་ཤུགས་ཆེན་པོའི་ངང་གཏམ་བཤད་གནང་སོང༌།

དེ་མིན་དེ་རིང་གི་ཉིན་མོ་འདིར་ས་གནས་བོད་རིགས་བདུན་བཅུ་ལྷག་འཛོམས་ཏེ་སྐད་འབོད་བྱས་ཤིང༌། འཕྲེད་དར་འཕྱར། གསར་འགོད་པ་དང་པར་བ། བོད་ལ་དགའ་ཞིང་བོད་ནང་དུ་ཐེངས་གཉིས་གསུམ་ལ་ཕེབས་མྱོང་མཁན་གྱི་རྒྱབ་སྐྱོར་བ་ཡང་ཕེབས་འདུག་པ་བཅས།།

ཁྲོ་གཏུམ་གྱིས་མཁོ་སྤྲོད་བྱས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།