20
Sat, Apr

པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤཱ་རཱ་ཧྥི།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡་ཚེས་༡༤་ཉིན་་སྤེལ། ཉེ་སྔོན། པ་ཀི་སི་ཐན་གྱི་སྲིད་འཛིན་ཟུར་པ་མུ་ཤཱ་རཱ་ཧྥི(Pervez Musharraf)་ལ་སྲོག་ཁྲིམས་བཅད་ཡོད་པ་དེ། ཁ་སང་མཐོ་རིམ་ཁྲིམས་ཁང་ཞིག་གིས་ཡུལ་དེའི་རྩ་ཁྲིམས་དང་མཐུན་མེད་ལུགས་བརྗོད་ནས་ཕྱིར་བསྡུ་བྱས་འདུག ད་ལྟར་ཁོ་རང་དབང་ཅན་གྱི་མི་ཞིག་ཡིན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༣ཉིན། པ་ཀི་སི་ཐན་གྱི་གྲོང་འཁྱེར་ལ་ཧོ་རེ་ཁྲིམས་ཁང་(Lahore’s High Court)གིས། ༢༠༡༩་ལོའི་ཟླ་༡༢་ཚེས་༡༧་ཉིན། པ་ཀི་སི་ཐན་གྱི་རྒྱལ་ས་ཨི་སི་ལམ་པོ་ལ་ཡོད་པའི་དམིགས་བསལ་ཁྲིམས་ཁང་གིས་མུ་ཤཱ་རཱ་ཧྥི་སྲིད་འཛིན་བྱེད་སྐབས་རྩ་ཁྲིམས་ལ་རྩིས་མེད་དང་། རྩ་གཏོར། འགྱུར་བ་གཏོང་བ། ཆེས་མཐོ་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཕྱིར་འབུད་གཏོང་བ། རྒྱལ་ཁབ་ནང་དུ་ཛ་དྲག་གི་གནས་བབ་གསལ་བསྒྲགས་བྱས་པ་བཅས་ཀྱི་ནག་ཉེས་འོག་སྲོག་ཁྲིམས་བཅད་ཡོད་པ། དེ་ནི་རྩ་ཁྲིམས་དང་མཐུན་མེད་ལུགས་བརྗོད་ནས་ཕྱིར་བསྡུ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟར་སྲིད་འཛིན་ཟུར་པ་མུ་ཤཱ་རཱ་ཧྥི་ནི་རང་དབང་ཅན་གྱི་མི་ཞིག་ཡིན་པ་དང་། པ་ཀི་སི་ཐན་ནང་དུ་སླར་ཡང་རང་དབང་ངང་ལོག་ཆོག་གི་ཡོད་འདུག

༢༠༠༧་ལོ་མུ་ཤཱ་རཱ་ཧྥི་སྲིད་འཛིན་ཡིན་སྐབས། པ་ཀི་སི་ཐན་ནང་དུ་ཛ་དྲག་གནས་བབ་གསལ་བསྒྲགས་བྱས་པ་དང་། ༢༠༠༨ལོར་པ་ཀི་སི་ཐན་ནང་དུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཆགས་པའི་རྐྱེན་གྱིས། མི་རྣམས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་སྲིད་འཛིན་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་འདུག དེ་ནས་ཁོ་སྲིད་འཛིན་ནས་གནས་དབྱུང་གཏོང་བར་འཇིགས་ནས་སྲིད་འཛིན་ནས་དགོངས་པ་ཞུས་རྗེས། དབྱིན་ལན་ལ་ཕྱིན་འདུག

༢༠༡༣་ལོར་མུ་ཤཱ་རཱ་ཧྥི་རྒྱལ་ཡོངས་ཀྱི་པ་ཀི་སི་ཐན་འོས་བསྡུ་ནང་དུ་ཞུགས་ཆེད་རྒྱལ་ནང་ལ་ལོག་ཡོད་པ་རེད། འོན་ཀྱང་། ལོ་དེར་པ་ཀི་སི་ཐན་གྱི་སྲིད་བློན་ན་ཝ་ཛི་ཤ་རི་ཧྥོ་(Nawaz Sharif)་ཡིས་ཁོ་ལ་རྒྱལ་འཚོང་གི་ནག་ཉེས་ཀྱི་ཁ་མཆུ་དེ་བཙུགས་ཡོད་འདུག དེ་ནས་ཁྲིམས་ཁང་གིས་ཁ་མཆུ་དེ་གཙང་ཐག་མ་ཆོད་པ་ད་བར་ལུས་ཡོད་པ་དང་། ཟླ་འདིའི་ཚེས་༡༧་ཉིན་དངོས་སུ་ཁོང་ལ་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱི་བྱ་བ་བྱས་པའི་ནག་ཉེས་འོག་ཏུ་སྲོག་ཁྲིམས་བཅད་འདུག མ་ཞི་ར་ཧྥོ་༢༠༡༣་ལོ་ནས་༢༠༡༦་ལོར་པི་ཀི་སི་ཐན་ནང་དུ་བསྡད་ཡོད་པ་དང་། ༢༠༡༦་ལོར་སྨན་བཅོས་ཆེད་དུ་ནས་ཌུ་བྷད་(Dubai )་ལ་ཕྱིན་འདུག ད་ལྟར་ཌུ་བྷད་སྨན་ཁང་ཞིག་གི་ནང་དུ་ཡོད་འདུག ཟླ་འདིའི་ཚེས་འགོ་ལ་མུ་ཤཱ་རཱ་ཧྥི་ཡིས་ཌུ་བྷད་ནས་བརྙན་ཐུང་ཞིག་བརྒྱུད་ནས་ཁོ་ལ་རྒྱལ་འཚོང་ཀྱི་ཁ་མཆུ་བཙུགས་པ་ནི་གཞི་རྩ་མེད་པ་ཞིག་རེད་ཅེས་བརྗོད་ནས་ནག་ཉེས་ཁས་ལེན་བྱས་མེད་པ་རེད།

མུ་ཤཱ་རཱ་ཧྥི་སྲིད་འཛིན་ཡིན་སྐབས། ༢༠༠༧་ལོར་པ་ཀི་སི་ཐན་གྱི་རྩ་ཁྲིམས་ནུས་མེད་བཏང་ནས་ཛ་དྲག་གི་གནས་བབ་གསལ་བསྒྲགས་བྱས་པ་དང་། ཁྲིམས་དཔོན་ཆེན་མོ་ཕྱིར་འབུད་བཏང་བ། རང་དབང་ལྡན་པའི་བརྙན་འཕྲིན་བཀག་པ་བཅས་བྱས་ཡོད་འདུག ཁོའི་བྱེད་སྟངས་དེར་ཨ་རི་གཙོས་པའི་མང་གཙོ་རྒྱལ་ཁབ་མང་པོ་ཞིག་གིས་སྐྱོན་བརྗོད་བྱས་འདུག འོན་ཀྱང་། མ་ཞི་ར་ཧྥོ་ཡིས་དེ་ལྟར་བྱས་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དང་འཇིགས་སྐུལ་རིག་ལུགས་པར་འཁྲུག་འཛིང་བྱེད་ཆེད་ཡིན་པ་འགྲེལ་བརྗོད་བྱས་འདུག

སྲིད་འཛིན་ཟུར་པ་མུ་ཤཱ་རཱ་ཧྥི་ནི་༡༩༤༣་ལོར་རྒྱ་གར་དབྱིན་ཇིའི་དབང་འོག་ཏུ་ཡོད་སྐབས་ལྡི་ལིར་སྐྱེས་འདུག རྒྱ་གར་དང་པ་ཀི་སི་ཐན་ཁ་ཐོར་རྗེས་པ་ཀི་སི་ཐན་ལ་ཕྱིན་ནས་ཀ་ར་ཆེར་འཚར་ལོངས་བྱུང་འདུག ཁོ་ཆུང་དུ་ཨང་རྩིས་དང་། དེ་ནས་རྒྱལ་སྤྱིའི་འབྲེལ་ལམ་དང་བདེ་སྲུང་བཅས་ཀྱི་ཐོག་སློབ་སྦྱོང་བྱས་ཡོད་འདུག ༡༩༦༡་ལོར་དམག་མིའི་སློབ་གྲྭར་ཞུགས་རྗེས། ༡༩༦༤་ལོར་པ་ཀི་སི་ཐན་གྱི་དམག་མི་ནང་དུ་འཛུལ་ཡོད་འདུག དེ་ནས་༡༩༦༥་ལོ་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དམག་འཁྲུག་ནང་དུ་ཞུགས་ཡོད་པ་དང་། དེ་བཞིན། ༡༩༩༦་ལོ་ཨ་ཧྥོ་གྷན་དམག་འཁྲུག་ནང་དུའང་ཞུགས་ཡོད་འདུག ༡༩༩༠་ལོར་དམག་དཔོན་ཆེན་མོའི་དྲུང་ཡིག་ཆགས་ཡོད་འདུག ༡༩༩༨་ལོར་སྲིད་བློན་ན་ཝ་ཛི་ཞ་རུ་ཧྥོ་ཡིས་ཁོ་ལ་སྐར་བཞི་ཅན་གྱི་དམག་དཔོན་སྐོས་ནས་པ་ཀི་སི་ཐན་ནང་སྐད་གྲགས་བཞག་འདུག