19
Fri, Apr

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠ལོའི་ཟླ་༡་ཚེས་༡༢་ཉིན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་ཕོ་བྲང་ནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་ཚད་མཐོའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག

དེ་ཡང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚད་དབྱིང་ཝིང་མཆོག་ལ་བསྐྱུར་དུ་སྲིད་འཛིན་འདེམས་ཐོབ་བྱུང་བར་འཚམས་འདྲིའི་གསུང་འཕྲིན་མཛད་པའི་ནང་དུ། སྲིད་འཛིན་མཆོག་གི་དབུ་ཁྲིད་འོག ཐེ་ཝན་མི་མང་རྣམས་སྔར་བཞིན་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་ཐུགས་རེ་མཛད་དོན།

ངོས་རང་དེའི་སྔོན་ཐེ་ཝན་ནང་ཐེངས་གསུམ་སླེབས་པ་རེད། ཡུལ་མི་ཚོ་དང་ཐུག་འཕྲད་ཀྱིས་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། མི་མང་གི་མཛའ་བརྩེའི་རྣམ་འགྱུར་དེ་དག་ཡིད་ལ་དྲན་སྐབས་དགའ་ཚོར་སྐྱེ་བཞིན་འདུག ལྷག་པར་ཐེ་ཝན་ནང་པ་ཚོས་རང་གི་ཕ་མེས་ཀྱི་ཆོས་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་འཛིན་བཞིན་པ་མཐོང་སྐབས་སེམས་འགུལ་ཐེབས་བྱུང་། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་རང་ནུས་གང་ཡོད་ཀྱིས་ཐེ་ཝན་ནང་པ་ཚོར་ནང་ཆོས་སློབ་ཁྲིད་ཀྱིས་མཚོན་ཆོས་ཕྱོགས་ཀྱི་ལམ་སྟོན་ཇི་དགེ་འབད་བརྩོན་གང་ཐུབ་ཞུ་བཞིན་ཡོད།

ངོས་རང་ནི་གཞི་རིམ་མང་གཙོའི་རིང་ཐང་ལ་བརྩི་བཀུར་ཧ་ཅང་ཞུ་མཁན་ཞིག་ཡིན། ཐེ་ཝན་ལ་མཚོན་ན་མི་མང་གིས་མང་གཙོའི་སྒྲིག་འཛུགས་སྲ་བརྟན་རྒྱུན་སྐྱོང་བྱས་པ་ཙམ་མ་ཟད། རང་གི་རིག་གཞུང་ཕྱུག་པོ་དེ་དག་གཅེས་འཛིན་ཐོག་དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས་ཧ་ཅང་བྱུང་བར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། ཅེས་འཁོད་པ་མ་ཟད། ཐེ་ཝན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མགོ་རྙོག་ཅན་ཞིག་དང་དཀའ་ལས་ཁག་པོ་རེད། འོན་ཀྱང་། ངོས་ཀྱིས་བསམ་པར་ཕྱོགས་གཉིས་བར་འབྲེལ་ལམ་བཟང་པོ་རྒྱུན་སྐྱོང་དགོས་པ་ཧ་ཅང་གལ་ཆེ་བ་མ་ཟད། མི་མང་ཕན་ཚུན་བར་གྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་གནད་ཆེ་བར་མཐོང་། ཞེས་འཁོད་འདུག