19
Fri, Apr

༢༠༡༩་ལོའི་ཟླ་༡༢་ཚེས་༡༨་ཉིན། ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནམ་ཊོམ་ཕུ་གནས་དབྱུང་བཏང་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༡༨་ཉིན། ཨ་རིའི་སྲིད་འཛིན་ཌོ་ནམ་ཊོམ་ཕུ་(Donald Trump)ཡིས་སྲིད་འཛིན་གྱི་དབང་ཆ་བེད་སྤྱོད་བཏང་ནས་སྒེར་དོན་སྒྲུབ་པ་དང་། གྲོས་ཚོགས་ཀྱི་ལས་དོན་ལ་དོ་ཕོག་བཏང་བ་བཅས་ཀྱི་ནག་ཉེས་ཐོག་ནས་གྲོས་ཚོགས་འོག་མས་ཊོམ་ཕུ་སྲིད་འཛིན་ལས་ཁུངས་ནས་གནས་དབྱུང་གཏོང་རྒྱུའི་ཐོག་མང་མོས་རྒྱབ་སྐྱོར་ཐོབ་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་དུ། གོང་ཚེས་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཨ་རིའི་སྲིད་འཛིན་ཐེངས་ཞེ་ལྔ་པ་ཌོ་ནམ་ཊོམ་ཕུ་ལ་སྲིད་འཛིན་ལས་ཁུངས་ནས་དོན་ཚན་གཉིས་ཐོག་གནས་དབྱུང་གཏོང་དགོས་པའི་ཐོག་འོས་ཤོག་བླུགས་འདུག ཊོམ་ཕུ་ཡིས་དབང་ཆ་སྒེར་སྤྱོད་བྱས་པ་རེད་ཟེར་ནས་འཐུས་མི་གྲངས་༢༣༠་ཡིས་འོས་བླུགས་ཡོད་པ་དང་། འཐུས་མི་གྲངས་༡༩༧་གྱིས་དབང་ཆ་སྒེར་སྤྱོད་བྱས་མེད་པའི་འོས་བླུགས་འདུག ཊོམ་ཕུ་ཡིས་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་རེད་ཟེར་ནས་འཐུས་མི་གྲངས་༢༢༩་ཡིས་འོས་བླུགས་ཡོད་པ་དང་། གཞན་འཐུས་མི་གྲངས་༡༩༨་ཀྱིས་གྲོས་ཚོགས་ལ་འགོག་རྐྱེན་བཟོས་མེད་པའི་འོས་བླུགས་འདུག དེར་བརྟེན། ཊོམ་ཕུ་གནས་དབྱུང་གཏོང་དགོས་པར་འཐུས་མི་མང་མོས་ཐོག་རྒྱབ་སྐྱོར་བྱས་འདུག གྲོས་ཚོགས་ཀྱི་ནང་དུ་མང་གཙོ་ཚོགས་པའི་འཐུས་མི་ཚོས་ཊོམ་ཕུ་གནས་དབྱུང་གཏོང་བའི་ཐོག་འོས་བླུགས་ཡོད་པ་དང་། སྤྱི་འཐུས་ཚོགས་པས་གནས་དབྱུང་མི་གཏོང་བའི་ཐོག་འོས་བླུགས་འདུག

ཨ་རིའི་སྲིད་འཛིན་ལ་ཉེས་འཛུགས་དོན་ཚན་གཉིས་བྱས་ཡོད་པའི་ནང་ནས་དང་པོ་ནི། དེའི་སྔོན་སྲིད་འཛིན་ཊོམ་ཕུ་ཡིས་ཡུ་ཁི་རིན(Ukraine)་རྒྱལ་ཁབ་ལ་འབྲེལ་བ་བྱས་ནས། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་དང་༢༠༢༠ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ཇོ་བྷི་ཌན(Joe Biden)་དང་ཁོང་གི་བུ་ལ་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཀྱི་ལས་དོན་འགོ་འཛུགས་དགོས་པ་དང་། དེ་ཡོངས་གྲགས་བྱེད་དགོས་པའི་གནོན་ཤུགས་སྤྲད་ནས་སྲིད་འཛིན་འོས་མིར་ནག་པོ་བཟོ་ཐབས་དང་། འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱས་འདུག གལ་སྲིད་ཡུ་ཁི་རིན་གྱིས་དེ་ལྟར་སྒྲུབ་ཚེ། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་གཞུང་འབྲེལ་ཐོག་ནས་ཡུ་ཁི་རིན་གྱི་སྲིད་འཛིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་ཀྱི་གོ་སྐབས་སྤྲོད་རྒྱུ་དང་། ཨ་རིའི་གྲོས་ཚོགས་ནས་དེ་སྔོན་ཡུ་ཁི་རིན་ལ་ཨུ་རུ་སུས་བཙན་འཛུལ་དང་དྲག་རྒོལ་ལ་ཁ་གཏད་གཅོག་ཆེད་དུ། བདེ་སྲུང་རོགས་དངུལ་ཨ་སྒོར་ས་ཡ་༣༩༡ སྤྲོད་རྒྱུ་རྒྱབ་སྐྱོར་ཐོབ་པ་དེ་གནས་སྐབས་བཀག་འགོག་བྱས་ཡོད་པར་སྲིད་འཛིན་ངོས་ནས་རྒྱབ་སྐྱོར་སྤྲོད་རྒྱུ་བྱས་འདུག དེར་བརྟེན། ཊོམ་ཕུ་ཡིས་སྲིད་དབང་སྒེར་སྤྱོད་དང་། རྩ་ཁྲིམས་རྩིས་མེད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ། ཨ་རིའི་མང་གཙོའི་ལམ་ལུགས་རྡོག་རོལ་བཏང་བ། ཕྱིའི་རྒྱལ་ཁབ་ཀྱི་རོགས་པ་སློང་བ་བཅས་ཀྱི་ཉེས་འཛུགས་བྱས་འདུག

དོན་ཚན་གཉིས་པ་ནི། གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་ཕུ་དང་སྲིད་གཞུང་། འབྲེལ་ཡོད་དཔོན་རིགས། དེ་བཞིན་ལས་བྱེད་ཟུར་པ་སོགས་གྲོས་ཚོགས་ཁང་དུ་ཉན་ཞིབ་ཆེད་འབོད་སྐུལ་དང་། ཡིག་ཆ་མཁོ་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡང་། སྲིད་འཛིན་ཊོམ་ཕུ་ཡིས་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་དང་ལས་བྱེད་ཟུར་པ་རྣམས་ལ། གྲོས་ཚོགས་འོག་མའི་བཀའ་ཁྱབ་ལ་རྩིས་མེད་བྱེད་དགོས་པའི་བཀའ་བཏང་བར་བརྟེན་ནས། གཞུང་གི་ལས་བྱེད་དགུ་གྲོས་ཚོགས་འོག་མའི་ནང་དུ་ཉན་ཞིབ་ཆེད་དུ་སླེབས་མེད་པ་རེད། སྲིད་འཛིན་ཊོམ་ཕུ་ཡི་བྱེད་སྟངས་དེ་ནི་དབང་ཆ་ལོག་སྤྱོད་དང་། རྩ་ཁྲིམས་རྩིས་མེད། མི་མང་ལ་རྒྱབ་འགལ་བྱས་པ། གྲོས་ཚོགས་ལ་རྩིས་མེད་དང་གྲོས་ཚོགས་ཀྱི་ལས་དོན་དོ་ཕོག་བཏང་བར་ཉེས་འཛུགས་བྱས་འདུག

སྤྱིར། སྲིད་འཛིན་ཊོམ་ཕུ་ལ་ཉེས་འཛུགས་ཀྱི་བྱ་བ་དེ་ནི་འདི་ལོའི་ཟླ་༩་པ་ནས་འགོ་བརྩམས་ཡོད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེ་སི་པོ་ལོ་སི་མཆོག་གིས་གསལ་བསྒྲགས་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༡༨་ཉིན། གྲོས་ཚོགས་འོག་མའི་ནང་དུ་ཊོམ་ཕུ་གནས་དབྱུང་གཏོང་དགོས་པའི་ཐོག་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེའི་རྗེས། སྲིད་འཛིན་ཊོམ་ཕུ་ལས་ཁུངས་ནས་གནས་དབྱུང་གཏོང་མིན་ཐོག ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཟླ་རྗེས་མའི་ནང་དུ་འོས་བླུགས་རྒྱུ་ཡིན་འདུག

སྲིད་འཛིན་ཊོམ་ཕུ་ནི་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་གནས་དབྱུང་གཏོང་བའི་སྲིད་འཛིན་གསུམ་པ་དེ་ཆགས་ཀྱི་ཡོད་འདུག