18
Thu, Apr

འཛམ་གླིང་གི་ལོ་ན་གཞོན་ཤོས་ཧྥི་ལེན་གྱི་སྲིད་བློན་སན་ན་མ་རིན(Sanna Marin)

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༡༦་ཉིན་སྤེལ། ཉེ་ཆར་ཡུ་རོབ་རྒྱལ་ཁབ་ཧྥི་ལེན་དུ་རང་ལོ་༣༤་ཡིན་པའི་བུད་མེད་སྲིད་བློན་ཞིག་བདམས་ཡོད་ཅིང་། ཁོང་མོ་ནི་འཛམ་གླིང་སྟེང་གི་ལོ་ན་གཞོན་ཤོས་ཀྱི་བུད་མེད་སྲིད་བློན་ཆགས་ཡོད་འདུག ཧྥི་ལེན་དུ་ཆབ་སྲིད་ཚོགས་པ་གཙོ་བོ་ལྔ་ཡོད་པ་ནང་ནས་ཚོགས་པ་བཞི་བུད་མེད་ཀྱིས་སྣེ་ཁྲིད་བྱེད་ཀྱི་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༨་ཉིན། རྒྱལ་སྤྱིའི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བའི་ནང་དུ། ཧྥི་ལེན་གྱི་སྤྱི་ཚོགས་དང་མང་གཙོའི་ཆབ་སྲིད་ཚོགས་པས་སན་ན་མ་རིན་(Sanna Marin)་ཞེས་པའི་བུད་མེད་རང་ལོ་༣༤་ཡིན་པ་ཞིག་སྲིད་བློན་དུ་བདམས་ཡོད་ཅིང་། ཁོང་མོ་ནི་འཛམ་གླིང་སྟེང་གི་ལོ་ན་གཞོན་ཤོས་ཀྱི་བུད་མེད་སྲིད་བློན་ཆགས་ཡོད་འདུག དེ་ནི་འཛམ་གླིང་གིས་དོ་སྣང་བྱེད་ཡུལ་ཞིག་ཆགས་ཡོད་པ་མ་ཟད། ཧྥི་ལེན་ནང་དུ་ཕོ་མོ་འདྲ་མཉམ་ཆགས་ཡོད་པར་གསལ་བོ་བསྟན་འདུག

སན་ན་མ་རིན་འོས་བསྡུའི་རྒྱལ་ཁབ་ཐོབ་རྗེས་འདི་ལྟར་བརྗོད་འདུག ད་ནི་མདུན་དུ་བསྐྱོད་བའི་དུས་ཤིག་རེད། གཞུང་གི་ཚོགས་པ་ཚང་མར་ཡིད་ཆེས་བསྐྲུན་རྒྱུའི་ཐོག་བཤད་པ་ཙམ་མིན་པ་ལག་བསྟར་བྱེད་པའི་དུས་ལ་སླེབས་ཡོད། ཅེས་བརྗོད་འདུག

ཧྥི་ལེན་དུ་ཆབ་སྲིད་ཚོགས་པ་གཙོ་བོ་ལྔ་ཡོད་པའི་ནང་ནས་ཚོགས་པ་བཞི་བུད་མེད་ཀྱིས་སྣེ་ཁྲིད་ཀྱི་ཡོད་ཅིང་། བུད་མེད་བཞི་ཡོད་པ་ནང་དུ་གསུམ་ནི་ལོ་ན་༣༤་འོག་ཏུ་ཡིན་འདུག ཧྥི་ལེན་ནི་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་བུད་མེད་ཀྱི་འཐུས་མི་མང་ཤོས་གྲས་ཡིན་འདུག དེ་བཞིན་ཧྥི་ལེན་ནི་༢༠༡༩་ལོར་འཛམ་གླིང་སྟེང་གི་བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་དུ་བདམས་ཡོད་འདུག རྒྱལ་ཁབ་དེའི་ནང་དུ་ཡོད་པའི་ཆབ་སྲིད་ཚོགས་ལྔ་ཡིས་ཐུན་མོང་ཐོག་ནས་༢༠༣༥་ལོ་བར་དུ་ཧྥི་ལེན་དུ་དབྱང་གཉིས་སོལ་འགྱུར་གྱི་འབོར་ཚད་སྙོམས་པོར་གཏོང་རྒྱུ་ཡིན་པར་བརྗོད་འདུག

༡༩༨༣་ལོའི་ཧྥི་ལེན་རྒྱལ་ཡོངས་འོས་བསྡུ་ཁྲོད་དུ་གྲོས་ཚོགས་ནང་དུ་བུད་མེད་ལ་རྐུབ་སྟེགས་བརྒྱ་ཆ་༣༠་ཐོབ་ཡོད་པ་དང་། ༢༠༠༧་ལོའི་འོས་བསྡུ་ཁྲོད་དུ་བུད་མེད་ལ་རྐུབ་སྟེགས་བརྒྱ་ཆ་༤༠་ཐོབ་ཡོད་འདུག དེ་ནས་༢༠༡༩་ལོར་གྲོས་ཚོགས་ནང་དུ་བུད་མེད་ལ་རྐུབ་སྟེགས་བརྒྱ་ཆ་༤༧་ཐོབ་ཡོད་ཅིང་། ཧྥི་ལེན་ནི་འཛམ་གླིང་སྟེང་གི་བུད་མེད་གྲོས་ཚོགས་འཐུས་མི་མང་ཤོས་ཡོད་པའི་རྒྱལ་ཁབ་གྲས་ཡིན་འདུག

༢༠༡༢་ལོར་སན་ན་མ་རིན་ཆབ་སྲིད་ནང་དུ་འཛུལ་ཡོད་པ་དང་། ༢༠༡༥་ལོར་གྲོས་ཚོགས་འཐུས་མི་ཆགས་ཡོད་འདུག དེ་ནས་མང་གཙོའི་ཚོགས་པའི་ནང་དུ་ལས་ཀ་བྱས་ཡོད་ཅིང་། དེའི་སྔོན་ཁོ་མོ་ནི་ཧྥི་ལེན་གྱི་སྐྱེལ་འདྲེན་དང་འབྲེལ་མཐུད་ཀྱི་བློན་ཆེན་ཡིན་འདུག ༢༠༡༩་ལོའི་ལོ་འགོ་ཙམ་ལ་ཧྥི་ལེན་ལས་ཐོག་སྲིད་བློན་རིན་ནེ་(Rinne)་ནད་དགོངས་ཞུས་རྗེས། སན་ན་མ་རིན་གྱིས་སྲིད་བློན་གཞོན་པའི་འགན་ལེན་ནས་རྒྱལ་ཡོངས་ཀྱི་འོས་བསྡུ་ཁྲོད་དུ་ཁོ་ཚོའི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་འདུག དེ་ནས་༢༠༡༩་ལོར་སྲིད་ཚབ་ཡང་ན་སྲིད་བློན་གཞོན་པའི་ལས་ཀ་བྱས་ཡོད་པ་དང་། དེའི་སྐབས་སུ་ལས་ཀ་ཡག་པོ་བྱས་ཙང་ད་ཐེངས་སྲིད་བློན་དངོས་སུ་བདམས་ཡོད་འདུག