24
Wed, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༢༦་ཉིན། ཨ་རིའི་སྲིད་འཛིན་ཌོ་ཎལ་ཊུམ་ཕུ་(Donald Trump)་དང་ཁོང་གི་བཟའ་ཟླ་མེ་ལ་ནི་ཊུམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༢༧་ཉིན། ཨ་རིའི་སྲིད་འཛིན་ཌོ་ཎལ་ཊུམ་ཕུ་(Donald Trump)་ཡིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་(Hong Kong Human Rights and Democratic Act) ཞེས་པར་མཚན་རྟགས་བརྒྱབ་འདུག ཁྲིམས་དེས་ཧོང་ཀོང་མི་མང་གི་རང་དབང་ལ་སྲུང་སྐྱོབ་དང་དེར་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་གཏོང་ཆོག་པའི་ཁྲིམས་ཤིག་ཡིན་འདུག

དེ་ཡང་། འདི་ལོའི་ཟླ་༡༠་ཚེས་༡༦་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཡོད་པ་དང་། དེ་ནས་ཟླ་འདིའི་ཚེས་༡༩་ཉིན་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་རྣམས་ཀྱིས་མང་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་ཐོབ་ཡོད་འདུག ཟླ་འདིའི་ཚེས་༢༧་ཉིན། ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བརྒྱབ་ནས་ཁྲིམས་འཆར་དེ་ཁྲིམས་ཆགས་ཡོད་འདུག ཁྲིམས་དེས་ཧོང་ཀོང་མི་མང་གི་རང་དབང་ལ་སྲུང་སྐྱོབ་དང་དེར་རྡོག་རོལ་གཏོང་མཁན་ལ་ཉེས་ཆད་གཏོང་ཆོག་པའི་ཁྲིམས་འཆར་ཞིག་ཡིན་འདུག

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་དེ་ནི། ཧོང་ཀོང་གི་དམིགས་བསལ་གྱི་གནས་བབ་ལ་ཞིབ་འཇུག་བྱེད་ཆོག་པ་དང་། ཨ་རིའི་སྲིད་འཛིན་གྱིས་ཧོང་ཀོང་མི་མང་གི་རང་དབང་ལ་རྡོག་རོལ་དང་དྲག་གནོན་བྱེད་མཁན་ལ་འགྲུལ་བཞུད་ཐོག་བཀག་སྡོམ་དང་ཉེས་ཆད་གཏོང་ཆོག་གི་ཡོད་འདུག དེ་བཞིན་༡༩༩༧་ལོའི་དབྱིན་ཇི་ཡིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས་ཀྱི་རང་དབང་སྲུང་སྐྱོབ་དགོས་པའི་ཆིངས་ཡིག་ལ་རྡོག་རོལ་གཏོང་མཁན་སུ་ཡིན་རུང་ཉེས་ཆད་གཏོང་ཆོག་པའི་ཁྲིམས་ཤིག་ཡིན་འདུག

ཉེ་སྔོན། ཨ་རི་སྲིད་འཛིན་གཞོན་པ་མར་ཁི་པམ་གྱིས་ཧོང་ཀོང་ནང་དུ་མང་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་མཁན་ཚོར་དམ་དྲག་དང་དྲག་གནོན་བྱེད་བཞིན་ཡོད་པར་ཨ་རི་ཡིས་ལྟ་བཞིན་ཡོད་སྐོར་དང་། དཀའ་ངལ་དེ་དག་མྱུར་དུ་ཞི་བའི་ཐོག་ནས་སེལ་རྒྱུའི་སྐུལ་མ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷི་ཡི་འཕྲུལ་སྒྲའི་ཐོག་ཏུ། ཧོང་ཀོང་ལ་ཁྱོད་ཚོའི་དཀའ་སྡུག་ང་ཚོས་རྟོགས་ཀྱི་ཡོད། ང་ཚོ་ཁྱོད་ཚོ་དང་མཉམ་དུ་ཡོད། དེ་རིང་། ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་སོང་། ཁྱོད་ཚོས་གང་བྱས་པར་ཐུགས་རྗེ་ཆེ་ཞུ། ཁྱོད་ཚོས་ང་ཚོར་སེམས་འགུལ་ཐེབས་བཅུག་སོང་། ཞེས་བརྗོད་འདུག

དེ་བཞིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སེམ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་དེར་གྲོས་ཚོགས་གོང་འོག་གཉིས་ཀྱིས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་ནི། ཨ་རི་ཡིས་ཧོང་ཀོང་གི་མང་གཙོའི་ཆེད་དུ་ངོ་རྒོལ་བྱེད་མཁན་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་རྒྱ་ནག་དམར་ཕྱོགས་གཞུང་དང་སྲིད་འཛིན་ཞི་ཅིང་ཕིང་ལ་ལ་བརྡ་ལེན་གསལ་བོ་སྤྲད་ཡོད། ཅེས་བརྗོད་འདུག

དེའི་སྔོན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་ལ་རྒྱབ་སྐྱོར་སྤྲོད་ཡོད་པར། རྒྱ་གཞུང་གིས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཧོང་ཀོང་གཞུང་གིས་ཨ་རིར་ཧོང་ཀོང་གི་རྩ་ཁྲིམས་ཀྱིས་མི་མང་གི་རང་དབང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་དང་། ཨ་རིས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་པ་ནི་ཧོང་ཀོང་དང་ཨ་རི་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་ཡོད་སྐོར་ཡང་བརྗོད་འདུག

ཐེངས་འདིར། ཨ་རི་སྲིད་འཛིན་གྱིས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་དེར་མཚན་རྟགས་བརྒྱབ་ཡོད་པར་རྒྱ་ནག་གིས་སླར་ཡང་ངོ་རྒོལ་བྱས་ཡོད་འདུག