19
Fri, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༡༢་ཉིན། ཧོང་ཀོང་ནང་དུ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༡་ཚེས་༡༡་ཉིན། ཧོང་ཀོང་ནང་གི་ཉེན་རྟོག་པ་ཞིག་གིས་ངོ་རྒོལ་བ་གཞོན་སྐྱེས་ཤིག་ལ་མེ་མདའ་བརྒྱབ་རྗེས། ཧོང་ཀོང་ནང་གི་ངོ་རྒོལ་གྱི་རྣམ་པ་སྔར་ལས་ཤུགས་ཆེ་རུ་ཕྱིན་ནས་ངོ་རྒོལ་བ་ཚོས་ཁྲོམ་གཞུང་དུ་རྡོ་སྣུམ་འབར་མདེལ་གཡུག་པ་དང་། མེ་བསྲེག་བརྒྱབ་པ། གཞུང་ལམ་ཁག་བཀག་པ་སོགས་ཀྱི་ལས་འགུལ་སྤེལ་རྐྱེན། མཐོ་སློབ་དང་སློབ་གྲྭ་ཁག་སོགས་སྒོ་རྒྱག་དགོས་བྱུང་ཡོད་འདུག

དེ་ཡང་། ཧོང་ཀོང་ནང་གི་མང་གཙོ་དང་རང་དབང་གི་ཆེད་དུ་ཧོང་ཀོང་གི་གཞོན་སྐྱེས་གཙོས་པའི་མི་མང་གིས་འདི་ལོའི་ཟླ་༦་ནས་ད་ལྟ་ཡིན་ཡང་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པ་དང་། དང་ཐོག་མི་མང་གི་ངོ་རྒོལ་ནི་ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་བརྟེན་ནས་བྱུང་ཡོད། ངོ་རྒོལ་གྱི་རྣམ་པ་ནི་མཚམས་རེར་ཞི་རྒོལ་དང་མཚམས་རེར་དྲག་པོ་གྱུར་ཡོད། ངོ་རྒོལ་དེའི་ཁྲོད་དུ་གཞོན་སྐྱེས་གཉིས་ངོ་རྒོལ་བྱེད་སྐབས་ཁང་པ་དང་ཁྲོམ་རའི་ཐོག་བརྩེགས་ནས་མར་ཟགས་ནས་འདས་གྲོངས་ཕྱིན་ཡོད་འདུག

ཟླ་༡༠་པའི་ཚེས་༡་ཉིན་ལ་ཧོང་ཀོང་ཉེན་རྟོག་པ་ཞིག་གིས་ལོ་ན་༡༨་ཡིན་པའི་ན་གཞོན་ཞིག་ལ་མེ་མདའ་བརྒྱབ་ཡོད་ཅིང་། ཁ་སང་གཞོན་སྐྱེས་ལོ་ན་༢༡་ཡིན་པ་ཞིག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ད་ལྟར་སྨན་ཁང་དུ་ཛ་དྲག་གི་གནས་སྟངས་འོག་ཏུ་གནས་ཡོད་འདུག དེ་བཞིན་ཟླ་བ་ལྔ་ཡི་རིང་གི་ངོ་རྒོལ་གྱི་ཁྲོད་དུ་མི་གྲངས་སུམ་སྟོང་ལྷག་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་མི་གྲངས་༧༥༠་བྱིས་པ་ལོ་ན་༡༨་འོག་ཡིན་པ་དང་། མི་གྲངས་༡༠༤་ལོ་ན་༡༦་འོག་ཡིན་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ཟླ་འདིའི་ཚེས་༡༢་ཉིན། དེ་རིང་སྟེ། ཁ་སང་གཞོན་སྐྱེས་ལོ་ན་༢༡་ཡིན་པ་ཞིག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་པ་བརྟེན། ཧོང་ཀོང་ནང་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྤེལ་བཞིན་ཡོད་པ་དང་། ཧོང་ཀོང་གི་ཚོང་འབྲེལ་བྱེད་ཡུལ་གྱི་སྲང་ལམ་ཁག་དུ་ངོ་རྒོལ་བ་སྟོང་ཕྲག་མང་པོས་ངོ་རྒོལ་བྱེད་བཞིན་ཡོད་འདུག ངོ་རྒོལ་བ་ཚོས་ཁོ་ཚོའི་དགོས་འདུན་དོན་ཚན་ལྔ་དེ་ལག་ཏུ་འཁྱེར་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་མེད་པ་བཟོ་དགོས་པ། གཉིས་པ། འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོ་གློད་དགོས་པ། གསུམ་པ། ངོ་རྒོལ་བ་ཚོ་ཟིང་འཁྲུག་སློང་མཁན་དུ་བརྗོད་རྒྱུར་མཚམས་འཇོག་དགོས་པ། བཞི་པ། ཉེན་རྟོག་པའི་གདུག་རྩུབ་དང་ལྡན་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་ཐོག་ནས་བརྟག་དཔྱད་དགོས་པ། ལྔ་པ། རང་དབང་ཅན་གྱི་འོས་བསྡུ་བྱེད་དགོས་པ་བཅས་ཡིན་འདུག ངོ་རྒོལ་བ་མང་ཆེ་བ་ལས་མི་ཡིན་པ་འགྲེལ་བརྗོད་བྱས་འདུག

གཞན་ངོ་རྒོལ་བ་ཚོས་གཞུང་ལམ་བཀག་པའི་ལས་འགུལ་གྱི་ངོ་རྒོལ་ཞིག་སྤེལ་བཞིན་ཡོད་འདུག ངོ་རྒོལ་བ་དང་ཉེན་རྟོག་པ་དབར་ལ་གདོང་ཐུག་ཤོར་ནས་ཉེན་རྟོག་པས་མེ་མདའ་ཐེངས་ཁ་ཤས་བརྒྱབ་ནས་ཞི་རྒོལ་བ་ཞིག་རྨས་ཡོད་པ་དང་། ཉེན་རྟོག་པས་གཙུག་ལག་སློབ་གཉེར་སློབ་ཁང་གི་ས་ཁུངས་སུ་མིག་ཆུ་དུག་རླུང་གཏོར་ཡོད་འདུག ཧོང་ཀོང་ནང་དུ་སློབ་གྲྭ་དང་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་འདུག དེ་བཞིན་ཧོང་ཀོང་གི་གནམ་ཐང་དུ་འགྲོ་བའི་མེ་འཁོར་མ་གཏོགས་གཞན་མང་ཆེ་བ་གནས་སྐབས་རིང་སྒོ་བརྒྱབ་ཡོད་པར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཁ་སང་སྟེ། ཉེན་རྟོག་པ་ཞིག་གིས་ངོ་རྒོལ་བ་ཞིག་ལ་མེ་མདའ་བརྒྱབ་པའི་དབང་གིས་ངོ་རྒོལ་བ་གཞན་པ་ཚོའི་ངོ་རྒོལ་གྱི་རྣམ་པ་དྲག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས། ལོ་ན་༥༧་ཡིན་པའི་མི་ཞིག་གིས་ངོ་རྒོལ་བ་ཚོར་ཁ་རྩོད་བརྒྱབ་པར་བརྟེན་ནས། དེའི་ཁྲོད་ཀྱི་ངོ་རྒོལ་བ་ཞིག་གིས་མི་དེའི་ལུས་པོའི་ཐོག་ལ་སྣུམ་བྱུགས་ནས་མེ་བསྲེག་བཏང་འདུག ད་ལྟའི་ཆར་ཁོ་སྨན་ཁང་དུ་ཡོད་འདུག ཁ་སང་ངོ་རྒོལ་གྱི་ཁྲོད་དུ་མི་གྲངས་༢༦༠་ལྷག་འཛིན་བཟུང་བྱས་ཡོད་པ་དང་། ཉིན་གཉིས་ཀྱི་ངོ་རྒོལ་གྱི་ཁྲོད་དུ་ངོ་རྒོལ་བ་དང་ཉེན་རྟོག་པ་བཅས་མི་གྲངས་༡༢༨་སྨན་ཁང་ནང་དུ་ལྷག་ཡོད་འདུག

ཧོང་ཀོང་ཨ་མ་ཞིག་གིས་སེམས་ཁུར་དང་ཅེས་བརྗོད་དོན། ང་ཚོ་དཀོན་མཆོག་ལ་སྐྱབས་སུ་འགྲོ་རྒྱུ་མ་གཏོགས་ཐབས་ཤེས་གཞན་གང་ཡང་མི་འདུག ཧོང་ཀོང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་འདུག ཉེན་རྟོག་པ་ཚོས་གཞོན་སྐྱེས་ཚོ་འཛིན་བཟུང་བྱེད་བཞིན་འདུག སེམས་པ་ཧ་ཅང་སྐྱོ་ཡི་འདུག འཛིན་བཟུང་བྱས་པའི་གཞོན་སྐྱེས་ཚོ་རྗེས་སུ་ཁྲིམས་ཁང་གིས་ཁྲིམས་ཐག་ངན་པ་དེ་འདྲ་གཅོད་མི་ཡོང་བསམས་ནས་ཧ་ཅང་ཞེད་སྣང་སྐྱེས་ཀྱི་འདུག ངས་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་ཡོད། གཞན་ང་ཚོར་ཐབས་ཤེས་མི་འདུག ང་ཚོ་ངོ་རྒོལ་གྱི་ནང་དུ་དངོས་ཤུགས་བརྒྱུད་གསུམ་ལ་ཞུགས་ཐབས་བྱེད་བཞིན་ཡོད། ཐེངས་གཅིག་ང་ངོ་རྒོལ་ནང་དུ་ཞུགས་ནས་ཏོག་ཙམ་མ་གཏོགས་རང་སྲོག་ཤོར་སོང་།

རྗེས་སུ། ང་ཚོ་ངོ་རྒོལ་ནང་དུ་ཞུགས་མི་ཐུབ་མཁན་ཚོ་རྒྱ་ནག་གི་བཙུགས་པའི་ཚོང་ཁང་ནང་དུ་ཅ་ལག་ཉོ་རྒྱུ་དང་། ཟ་ཁང་གི་ནང་དུ་ཟས་ཟ་འགྲོ་རྒྱུར་མཚམས་བཞག་ནས་ངོ་རྒོལ་གྱི་རྣམ་པ་གཞན་ཞིག་སྟོན་བཞིན་ཡོད། དེ་བཞིན་ངོ་རྒོལ་བ་ཚོར་ཤུགས་ནས་རོགས་རམ་བྱེད་ཐབས་བྱེད་ཀྱི་ཡོད། ང་ཚོས་འདི་ལྟར་དཀལ་ངལ་མྱོང་སྐབས། བོད་ནང་དུ་ཡོད་པའི་བོད་མི་ཚོས་ཀྱང་འདི་འདྲ་ཡང་ན་འདི་ལས་སྡུག་པའི་དཀའ་ངལ་མྱོངས་དང་མྱོང་བཞིན་ཡོད་རེད་བསམས་ནས་སེམས་པ་སྐྱོ་བཞིན་ཡོད། ཁྱོད་ཚོ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་གོ་སྐབས་འདི་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་དགོས། རྒྱ་ནག་གི་རྣམ་པ་རྒྱལ་སྤྱིའི་ཐོག་ལ་ངན་པ་ཆགས་ཚར་ཡོད། རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་དངོས་ཡོད་རང་བཞིན་དེ་འཛམ་གླིང་མི་མང་ལ་རྟོགས་སུ་བཅུག་དགོས། ཞེས་བརྗོད་སོང་།