20
Sat, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༡༧་ཉིན། ཨ་རིའི་གྲོང་ཁྱེར་ནེའུ་དུ་ཡོད་པའི་ཀུ་ཤུ་ཚོང་ལས་ཁང་ལ། བོད་པ་དང་། ཧོང་ཀོང་། ཡུ་གུར། ཐེ་ཝན། རྒྱ་མི་སོགས་ཀྱི་ལས་འགུལ་བས་ངོ་རྒོལ་བྱས་འདུག པར། བོད་དོན་ལས་འགུལ་ཁང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༧་ཉིན། ཨ་རིའི་གྲོང་ཁྱེར་ནེའུ་ཡོར་དུ་ཡོད་པའི་ཀུ་ཤུ་ཚོང་ལས་ཁང་གི་ནང་དུ། བོད་པ་དང་། ཧོང་ཀོང་། ཡུ་གུར། ཐེ་ཝན། རྒྱ་མི་སོགས་ཀྱི་ལས་འགུལ་བས་ཀུ་ཤུ་ཚོང་ལས་ཁང་ལ་རྒྱ་གཞུང་དང་ཞིབ་བཤེར་ཡོ་ཆས་མཉམ་ལས་བྱེད་རྒྱུའི་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་ཚད་མེད་བཀག་འགོག་བྱེད་ཀྱི་ཡོད་ཅེས་ངོ་རྒོལ་བྱས་འདུག

དེ་ཡང་། ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་དོན་ནི། ཀུ་ཤུ་ཚོང་ལས་ཁང་གིས་རྒྱ་གཞུང་དང་མཉམ་ལས་བྱས་ནས་རྒྱ་ནག་གཙོ་པའི་བོད་དང་ཧོང་ཀོང་སོགས་ཀྱི་ནང་དུ། མི་མང་གི་སྨྲ་བརྗོད་རང་དབང་འགོག་གི་ཡོད་པས་ཡིན་འདུག ལས་འགུལ་བ་ཚོ་ལག་ཏུ་འཕྲེད་དར་འཁྱེར་ནས། དེའི་ཐོག ངས་ཀུ་ཤུ་ཚོང་ལས་ཁང་ལ་རྒྱ་གཞུང་གིས་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པར་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་ན་འདོད། ངས་ཀུ་ཤུ་ཚོང་ལས་ཁང་གིས་རང་དབང་ལ་རྒྱབ་སྐྱོར་བྱེད་ན་འདོད། ངས་ཀུ་ཤུ་ཚོང་ལས་ཁང་གིས་མི་མང་ལ་རྒྱབ་སྐྱོར་བྱས་པ་ལས་དམར་པོའི་གཞུང་ལ་རྒྱབ་སྐྱོར་མ་བྱས་ན་འདོད་ཅེས་བྲིས་ནས། ཀུ་ཤུ་ཚོང་ལས་ཁང་གིས་རྒྱ་གཞུང་དང་མཉམ་ལས་བྱས་ནས་རྒྱ་ནག་དང་། བོད། ཡུ་གུར། ཧོང་ཀོང་སོགས་ཀྱི་ནང་དུ་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པའི་ཐོག་ངོ་རྒོལ་བྱས་འདུག

ངོ་རྒོལ་གྱི་ལས་འགུལ་གྱི་ནང་དུ། བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲིལ་བསྒྲགས་འགན་འཛིན་བསོད་ནམ་མཚོ་ལགས། རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་རོ་སེ་ཐང་། ཐེ་ཝན་གྱི་ལས་འགུལ་བ་ཨེ་ལི་སུ། ཡུ་གུར་གྱི་ལས་འགུལ་བ་རུ་ཤན་ཨ་བྷ་སོགས་ཡོད་འདུག

བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་མི་སུས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་ན་དེ་འཛིན་བཟུང་དང་། མནར་གཅོད། ཐ་ན་དམར་གསོད་གཏོང་གི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཐིན་ཨིན་མེན་སློབ་ཕྲུག་ངོ་རྒོལ་ཁྲོད་ཞུགས་མྱོང་མཁན་རོ་སི་ཐང་གིས་བརྗོད་དོན། ཀུ་ཤུ་ཚོང་ལས་ཁང་གིས་སྒེར་གྱི་དྲ་རྒྱ(VPNs)་ཞེས་པ་ཀུ་ཤུ་མཛོད་དངོས་ནས་འཐེན་པ་ནི་རྒྱ་ནག་གི་དབང་འཛིན་པ་ཚོར་ཁ་ཐུག་རྒྱབ་སྐྱོར་བྱས་པ་དང་། རྒྱ་གཞུང་གིས་བོད་དང་རྒྱ་ནག་ཡོངས་ལ་དྲག་གནོན་བྱེད་པར་སེམས་ཤུགས་སྐྱེས་འཇུག་གི་ཡོད་ཅེས་བརྗོད་འདུག

དེ་བཞིན། ཐེ་ཝན་དང་ཡུ་གུར་གྱི་ལས་འགུལ་བ་ཚོས་རྒྱ་གཞུང་གིས་ཐབས་ཤེས་འདྲ་མིན་བཏང་ནས། ཐེ་ཝན་དང་ཡུ་གུར་མི་རྣམས་ཀྱི་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། ཀུ་ཤུ་ཚོང་ལས་ཁང་གིས་རང་དབང་ལ་རྩིས་སྲུང་བྱས་ནས་རྒྱ་གཞུང་དང་མཉམ་ལས་མི་བྱེད་རྒྱུའི་རེ་འདུན་བཏོན་འདུག