17
Thu, Oct

༢༠༡༩་ལོའི་ཟླ་༡༠་ཚེས་༣་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༠་ཚེས་༣་ཉིན། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་པའི་མང་ཚོགས་ལ། མིའི་རྣམ་དཔྱོད་དེ་ཉོན་མོངས་པའི་བྲན་གཡོག་ཏུ་མི་འགྱུར་བྱེད་དགོས་པ་དང་། མིའི་རྣམ་དཔྱོད་དེ་བྱམས་བརྩེ་ཡིས་དབང་སྒྱུར་ཐུབ་ན། ཅི་ཙམ་བྱམས་བརྩེ་ཡོད་ན། དེ་ཙམ་མིའི་སེམས་ལ་བདེ་སྐྱིད་ཡོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བཞུགས་སྒར་རྡ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་པའི་ཕྱི་རྒྱལ་བ་དང་། གྲྭ་བཙུན། མི་མང་བཅས་རྒྱལ་ཁབ་ ༦༡ ནས་ཕེབས་པའི་ཆོས་ཞུ་བ་ ༧༥༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་གནང་སོང་།

༸གོང་ས་མཆོག་གིས་ཐོག་མར། འཚམས་འདྲི་དང་འབྲེལ་གསུང་དོན། དེ་རིང་ཐེ་ཝན་གཙོ་པའི་རྒྱ་རིགས་མང་པོ་ཞིག་འདིར་སླེབས་བསྡད་ཡོད། ང་ཚོ་འདིར་འཛོམས་དགོས་པའི་རྒྱུ་མཚན་ནི། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་འགྱུར་བ་གཏོང་བའི་ཆེད་དུ་ཡོང་བ་རེད། དེང་སང་སངས་རྒྱས་ཀྱི་ཆོས། ལྷག་པར་དུ། ན་ལེནྡྲའི་ཆོས་རྒྱུད་དེས་སེམས་ཁམས་རིག་པའི་ཐོག་གཙོ་བོ་བཤད་ཀྱི་ཡོད། དེའི་ཐོག་ཚད་མའི་རིག་པས་གསུང་གི་ཡོད། དེ་དག་གཙོ་བོ་རིགས་པའི་ཐོག་ནས་གསུང་ཀྱི་ཡོད་རེད།

ང་ཚོའི་སེམས་ནང་གི་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་སོགས་ཀྱིས་སེམས་བཀྲུགས་པ་མ་ཟད། གཟུགས་པོའང་གནོད་ཀྱི་ཡོད། ང་ཚོ་ཁོང་ཁྲོ་ལངས་སྐབས། ནད་འགོག་མ་ལག་ཉུང་དུ་འགྲོ་བཞིན་ཡོད་པར་ཚན་རིག་གི་ཐོག་ནས་ར་སྤྲོད་བྱེད་ཀྱི་ཡོད། དེར་བརྟེན། སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་ཡིན། སེམས་ཀྱི་ཞི་བདེ་ཞེས་པ་འདིས་སེམས་ཀྱི་ཞི་བདེ་བཀྲུག་མཁན་དེ་ག་རེད་ཡིན་མིན་ཤེས་བཅུག་ནས་དེར་གདོང་ལེན་བྱེད་བཅུག་གི་ཡོད།

སེམས་མི་སྐྱིད་བཟོ་མཁན་ནི་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཡིན་པར་ངོ་ཤེས་པ་བྱེད་དགོས། སེམས་ནང་གི་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ལ་རྒྱུ་མཚན་གང་ཡོད་པར་བསམ་བློ་གཏོང་དགོས། དེ་ལྟར་བསམ་བློ་བཏང་ན། གནོད་ལ་གནོད་བྱས་ན་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་མེད། དེར་བརྟེན། ཕ་རོལ་བས་ང་ཚོར་ཁོང་ཁྲོ་བསྟན་ཡང་། ང་ཚོས་ཁོ་ཚོར་བཟོད་སེམས་དང་བྱམས་བརྩེ་སྒོམ་ཐུབ་ན། སེམས་ནང་གི་ཁོང་ཁྲོ་དེ་རང་བཞིན་མེད་པ་ཆགས་ཀྱི་རེད། དེ་ལྟར་རིམ་པ་བྱེད་ཐུབ་ན་དགྲ་བོ་གཉེན་དུ་འགྱུར་ཐུབ་པ་དེ་འདྲ་ཡོང་གི་རེད། གང་ལྟར། བསམ་བློ་ཡག་པོ་ཞིག་བཏང་ན། ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་སོགས་ཀྱིས་གནས་སྐབས་སེམས་བཀྲུགས་པ་མ་ཟད། རང་གི་གྲོགས་པོ་སོགས་དགྲ་བོ་ཆགས་བཅུག་པ་དང་། རང་ཉིད་ཀྱི་གཟུགས་པོ་མི་བདེ་བ་ཆགས་ཀྱི་རེད། དེར་བརྟེན། སེམས་ཞི་བདེ་དགོས་པ་ཧ་ཅང་གལ་ཆེན་རེད།

དེ་ནི་ཆོས་སྐད་ཆ་མ་རེད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་མཁན་ཤ་སྟག་རེད། དེར་བརྟེན། ལུས་དང་སེམས་ཀྱི་བདེ་བ་ནང་ནས་གཙོ་བོ་སེམས་ཚོར་བདེ་བ་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་རེད། ཆོས་ལུགས་ཚང་མ་མིའི་སྤྱི་ཚོགས་དང་འདྲེས་ནས་ཡོད། མིའི་སྤྱི་ཚོགས་ཀྱི་ནང་དུ་བྱམས་བརྩེ་དེ་རྩ་ཆེ་ཤོག་ཆགས་ཡོད། མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་རེད་ཅེས་ཚན་རིག་པས་བརྗོད་ཀྱི་ཡོད། དེ་འདྲ་སོང་ཙང་། བྱིས་པ་སྐྱེས་དུས་ནས་བཟུང་། གཡས་གཡོན་དུ་འཛུམ་སྟོན་མཁན་ཞིག་ཡོད་ན། བྱིས་པ་དེ་སྐྱིད་པོ་ཡོང་གི་ཡོད། འཛམ་གླིང་ཐོག་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ནི་སྤྱི་ཚོགས་གཅིག་ཆགས་ཡོད། དེར་བརྟེན། མི་རེ་རེའི་བདེ་སྐྱིད་ནི་མི་དུང་ཕྱུར་བདུན་ཅུ་དང་འབྲེལ་བ་ཆགས་ཀྱི་ཡོད། བྱས་ཙང་། འཛམ་གླིང་གི་མི་དུང་ཕྱུ་བདུན་ཅུ་ནི་མི་གཅིག་གི་འདུ་ཤེས་སྐྱེས་དགོས་པར་ཧ་ཅང་གལ་ཆེན་པོ་རེད།

མིའི་རྣམ་དཔྱོད་དེ་ཉོན་མོངས་པའི་བྲན་གཡོག་ཏུ་མི་འགྱུར་བྱེད་དགོས་པ་དང་། མིའི་རྣམ་དཔྱོད་དེ་བྱམས་བརྩེ་ཡིས་དབང་སྒྱུར་ཐུབ་པ་བྱུང་ན། ཅི་ཙམ་བྱམས་བརྩེ་ཡོད་ན། དེ་ཙམ་མིའི་སེམས་ལ་བདེ་སྐྱིད་ཡོང་ཐུབ་ཀྱི་རེད་སོགས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།