11
Wed, Dec

ཧོང་ཀོང་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྐང་འོག་ཏུ་བརྫི་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༠་ཚེས་༡་ཉིན། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན། ཧོང་ཀོང་དང་ཐེ་ཝན་ནང་དུ་མི་མང་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཧོང་ཀོང་ནང་གི་སློབ་ཕྲུག་ཅིག་ལ་ཉེན་རྟོག་པས་མེ་མདའ་ཡང་བརྒྱབ་འདུག དེ་བཞིན། བོད་མི་དང་ཡུ་གུར་བ་སོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་འདུག

དེ་ཡང་། རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་ངོ་༧༠་འཁོར་བའི་རྒྱལ་སྟོན་གྱི་ཉིན་མོ་ནི། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲུང་བརྩི་ཞུས་ཡོད་ཅིང་། ཉིན་མོ་དེར་ཧོང་ཀོང་དང་ཐེ་ཝན། བོད་མི་དང་ཡུ་གུར་བ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་འདུག

ཧོང་ཀོང་ནང་གི་གྲོང་ཁྱེར་ཁག་འདྲ་མིན་གྱི་ནང་དུ་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར། ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་བ་ཚོ་དང་ཉེན་རྟོག་པའི་དབར་གདོང་ཐུག་ཤོར་ནས། ཉེན་རྟོག་པས་སློབ་ཕྲུག་ལོ་ན་༡༨་ཡིན་པ་ཞིག་ལ་མེ་མདའ་བརྒྱབ་ནས་སྨན་ཁང་དུ་སྐྱེལ་ཡོད་འདུག དེ་ནི་ཧོང་ཀོང་ནང་དུ་ཉེན་རྟོག་པས་ངོ་རྒོལ་བ་ཞིག་ལ་མེ་མདའ་དངོས་སུ་བརྒྱབ་པ་ཐེངས་དང་པོ་ཡིན་འདུག དེ་ནས་ངོ་རྒོལ་གྱི་ངོ་བོ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་བ་ཚོར་མིག་ཆུ་དུག་རླུང་སོགས་གཏོར་ཡོད་འདུག ཉེན་རྟོག་པས་སློབ་ཕྲུག་དེར་མེ་མདའ་བརྒྱབ་པར་བརྟེན། ཚེས་༢་ཉིན་མི་མང་དང་སློབ་ཕྲུག་ཚོས་མུ་མཐུད་ནས་ངོ་རྒོལ་བྱེད་བཞིན་ཡོད་འདུག

དེ་བཞིན། ཐེ་ཝན་གཞུང་མང་གཉིས་ཀས་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་འདུག ཐེ་ཝན་ནང་དུ་མི་མང་སྟོང་ཕྲག་མང་པོས་སྲང་ལམ་དུ་ཐོན་ནས་རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་རྒྱ་ནག་གི་རྒྱལ་དར་བསྲེགས་ནས་ངོ་རྒོལ་བྱས་ཡོད་འདུག

གཞན་ཡང་། བྷར་ཇིམ་གྲོང་ཁྱེར་བྷ་རུ་སིར། འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་བཅས་མི་གྲངས་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་མོར། རྒྱ་གཞུང་གིས་ཡུ་གུར་དང་བོད་སོགས་ལ་དྲག་གནོན་དང་སྡུག་སྦྱོང་། མནར་གཅོད་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ཀྱི་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་ནང་དུ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག

དེ་བཞིན། རྒྱ་ནག་དམར་པོའི་སྲིད་གཞུང་བཙུགས་ཏེ་ལོ་ངོ་ཧྲིལ་བོ་༧༠་འཁོར་བའི་ཉིན་མོར། རྒྱ་གར་རྒྱལ་ས་ལྡི་ལིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་གྲངས་ལྔ་བཅུ་ལྷག་གིས་ལྡི་ལིའི་རྒྱ་མིའི་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་ནས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།