20
Sat, Apr

༢༠༡༩་ལོའི་ཟླ་༩་ཚེས་༢༠་ཉིན། ལྡི་ལི་ཤྲི་རཱམ་སློབ་གྲྭར་བཀའ་སློབ་གནང་སྐབས། སྐུ་པར། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༩་ཚེས་༢༣་ཉིན་སྤེལ། ཉེ་ཆར་༸གོང་ས་མཆོག་གིས་ལྡི་ལིར་སོགས་ལ་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། ཤྲི་རཱམ་སློབ་གྲྭར་བསམ་བློ་ཇེ་བཟང་དུ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། ཁོང་གིས་གཞོན་སྐྱེས་ཁྱེད་ཚོས་འབད་བརྩོན་བྱས་པ་ཡིན་ན་འཛམ་གླིང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་དང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་ཅེས་བཀའ་སྩལ་འདུག

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཚེས་ ༡༩ ཉིན། བཞུགས་སྒར་རྡ་ས་ནས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༢༠ ཉིན། ལྡི་ལི་ཤྲི་རཱམ་སློབ་གྲྭར་ (Shri Ram School, Vasant Vihar) སི་པིག་མེ་ཀེ་ (Spic Macay) མཛད་སྒོའི་ཐོག་ཕེབས་ནས། སློབ་གྲྭ་གྲངས་ ༥༠ ནས་ཁྱོན་སློབ་མ་གྲངས་ ༢༣༠༠ ཙམ་ལ་བསམ་བློ་ཇེ་བཟང་དུ་གཏོང་ཐབས་སྐོར་བཀའ་སློབ་སྩལ་འདུག དེ་བཞིན་ཚེས་༢༡ཉིན། ཏཱཇ་མན་སིངྒ་མགྲོན་ཁང་དུ་། ཚོང་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་། གཞུང་ཚབ་ལས་བྱེད་དང་། མཁས་དབང་། བཅས་ལ་བླང་དོར་བཀའ་སློབ་སྩལ་འདུག དེའི་རྗེས། ཚེས་ ༢༢་ཉིན། གྲོང་ཁྱེར་མ་ཐུ་ར་ནང་གི་ཧིན་དུའི་ཆོས་ལུགས་ཀྱི་སྒྲུབ་ཁང་ (Sri Udasin Karhni Ashram) དུ་ཆིབས་སྒྱུར་བསྐྱངས་རྗེས་བཀའ་སློབ་སྩལ་འདུག

ཟླ་འདིའི་ཚེས་༢༠་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་རྟེན་གཞི་བྱས་པའི་ཤྲི་རཱམ་སློབ་གྲྭ (Shri Ram School, Vasant Vihar)་ཡི་ནང་དུ། སློབ་གྲྭ་གྲངས་ ༥༠ ནས་ཁྱོན་སློབ་མ་གྲངས་ ༢༣༠༠ ཙམ་ལ་བསམ་བློ་ཇེ་བཟང་དུ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད ། སྐབས་དེར། ༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་གི་གཞོན་སྐྱེས་ཚོའི་འགན་ཁྲིད་སྐོར་བཀའ་སློབ་གནང་དོན། ངོས་རང་འདིར་ཁྱེད་ཚོ་དང་ཐུག་པར་དགའ་སྤྲོ་བྱུང་སོང་། འདིར་ངོས་ཀྱིས་གཙོས་རྒན་པ་ཁག་གཅིག་དུས་རབས་ཉི་ཤུ་པའི་མི་རབས་རེད། གཞོན་སྐྱེས་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཆགས་ཡོད། འདས་ཟིན་པར་བསྐྱར་བཅོས་བྱ་རྒྱུ་གང་ཡང་མེད། འདས་པའི་བྱུང་བ་ལས་ང་ཚོས་ཉམས་མྱོང་ལེན་ཆོག མ་འོངས་པ་ཟེར་བ་དེ་གཞི་ནས་སླེབ་རྒྱུ་ཡིན་སྟབས། མ་འོངས་པ་བདེ་སྡུག་བཟང་ངན་ཇི་འདྲ་ཞིག་འབྱུང་མིན་ང་ཚོའི་ལག་ཏུ་ཡོད། ཁྱེད་ཚོ་གཞོན་སྐྱེས་རྣམས་དུས་རབས་ ༢༡ པའི་མི་རབས་ཆགས་ཡོད། ད་ཆ་དུས་རབས་ ༢༡ པའི་ཕྱི་ལོ་ ༢༠༡༩ ཡིན། ལོ་ལྷག་མ་རྣམས་འབྱུང་འགྱུར་རེད། དེར་བརྟེན། གཞོན་སྐྱེས་ཁྱེད་ཚོས་འབད་བརྩོན་བྱས་པ་ཡིན་ན་འཛམ་གླིང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་དང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་ཅེས་གསུངས་འདུག

ཁོང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ཐོག་གསུང་དོན། ང་ཚོ་འཚོ་བར་རང་བྱུང་ཁོར་ཡུག་ལ་བརྟེན་དགོས་པ་ཡིན་སྟབས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད། ཚན་རིག་པས་འབྱུང་འགྱུར་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པ་རྗོད་བཞིན་ཡོད། དེར་བརྟེན། ང་ཚོས་ཐུན་མོང་ཐོག་ཁོར་ཡུག་གི་དཀའ་ངལ་རྣམས་ཟློག་ཐབས་བྱེད་དགོས། འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་ལུས་པོའི་གྲུབ་སྟངས་དང་སེམས་ཚོར། འདུ་ཤེས་འཛིན་སྟངས་གང་གི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཡིན་ཞེས་བཀའ་སྩལ་འདུག

༸གོང་ས་མཆོག་གིས་འགན་ཡོངས་རྫོགས་རང་ཉིན་ཐོག་ཡོད་པའི་སྐོར་འདི་ལྟར་གསུངས་འདུག ལྟ་གྲུབ་ཐོག་ནས་ཆོས་ལུགས་ཕན་ཚུན་མི་འདྲ་བ་དེ་མིའི་ཁམས་དང་མོས་པ། བག་ལ་ཉལ་བ་སོགས་ལ་བརྟེན་ནས་ཡོང་གི་ཡོད། ཆོས་ལུགས་ཁག་གཅིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱང་ནང་པ་དང་གཅེར་བུ་པས་མི་འདོད། གྲངས་ཅན་པའི་ནང་དུའང་གྲངས་ཅན་ལྷར་བཅས་ལྷ་མེད་གཉིས་ཡོད། སྟོན་པ་ཤཱཀྱ་ཐུབ་པས་བདག་ཉིད་བདག་གི་མགོན་ཡིན་པ་གསུངས་ཡོད། འགན་ཡོངས་རྫོགས་ང་ཚོ་གང་ཟག་སོ་སོར་གནང་ཡོད།

ཁོང་གིས་གཞོན་སྐྱེས་ཚོར་འཚེ་མེད་ཞི་བའི་ཀུན་སློང་འཁྱེར་དགོས་པའི་སྐོར་གསུང་དོན། འཛམ་གླིང་ནང་ཆོས་ཁས་མི་ལེན་མཁན་མི་འབོར་ཐེར་འབུམ་གཅིག་ཙམ་ཡོད། དེ་དག་ལ་རྒྱ་གར་གྱི་རིས་མེད་ཀྱི་ལྟ་གྲུབ་ཐོག་ནས་ཕན་ཐོགས་ཡོང་ཐུབས། འཚེ་མེད་ཞི་བ་དོན་དམ་ཞིག་དགོས་ན་ཐོག་མར་ཀུན་སློང་ཐོག་ནས་ཡོང་དགོས། རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་གི་རིང་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་བཞེས་ཡོད། དཔྱད་འཇོག་གི་ཉམས་ལེན་ལ་བརྟེན་ཆོས་གང་དང་གང་ཡིན་ཡང་དེར་ལམ་སང་ཁས་ལེན་མ་བྱས་པར་རྒྱུ་མཚན་ཇི་ཡིན་རིག་པས་དཔྱད་པ་བྱ་རྒྱུའི་ལམ་སྲོལ་ཞིག་ཡོད། སྟོན་པ་རང་ཉིད་ནས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་གཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་རྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་གསུངས་ཡོད། དེར་བརྟེན། རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཚོས་ཀྱང་སྟོན་པའི་བཀའ་ལ་དཔྱད་པ་བྱས་ནས་ཕེབས་པ་རེད།

དེ་ནས། ཟླ་འདིའི་ཚེས་༢༡་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ཏཱཇ་གསོལ་མགྲོན་ཁང་དུ་། ཚོང་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁག་དང་། གཞུང་ཚབ་ཁག་གཅིག་ལ་བླང་དོར་བཀའ་སློབ་འདི་ལྟར་སྩལ་འདུག ང་ཚོ་ཐོག་མར་མའི་མངལ་ནས་བཙའ་སྐབས་སུའང་མས་མཐའ་གཅིག་ཏུ་བྱམས་བརྩེས་བསྐྱངས་ཤིང་། གལ་ཏེ་མའི་བྱམས་བརྩེ་མེད་ན་ང་ཚོ་གསོན་པོར་གནས་ཐབས་བྲལ་བར་བརྟེན། བྱམས་བརྩེ་ནི་མིར་ཧ་ཅང་དགོས་མཁོ་ཡོད་པ་ཞིག་ཡིན་སྐོར་དང་། སྤྱིར་མི་ལ་སྲོག་ཆགས་གཞན་ལས་ལྷག་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་ཀྱང་། རྣམ་དཔྱོད་ཀྱི་ཤེས་རབ་དེ་དག་མཐུན་ཕྱོགས་དང་བཟང་ཕྱོགས་སུ་འགྲོ་རྒྱུའི་ཚབ་ཆགས་སྡང་གི་གཞན་དབང་དུ་སོང་བར་བརྟེན། སྤྱི་ཚོགས་ནང་མི་དགོས་པའི་རྙོག་གྲ་སོགས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་དང་། ཕྱིའི་རྣམ་འགྱུར་དེ་འཛུམ་མདངས་ལྡན་པ་ཞིག་བྱུང་ན་གཞན་གྱིས་དགའ་མོས་བྱ་རྒྱུ་དང་། མི་ཚེ་སྐྱིད་པ་ཞིག་ཡོང་བར་ཕན་ཐོགས་ཡོད་སྐོར། དེ་ལས་ལྡོག་སྟེ་དུས་རྟག་ཏུ་འཇིགས་སྣང་དང་ཁོང་ཁྲོ་ལངས་ནས་བསྡད་པ་ཡིན་ན་རང་གི་ལུས་པོའི་འཕྲོད་བསྟེན་ལའང་གནོད་རྒྱུ་ཡིན་སྐོར་ཞེས་བཀའ་སྩམ་འདུག

དེའི་རྗེས། ཟླ་འདིའི་ཚེས་༢༢་ཉིན། གྲོང་ཁྱེར་མ་ཐུ་ར་ནང་དུ་ཡོད་པའི་ཧིན་དུའི་ཆོས་ལུགས་ཀྱི་སྒྲུབ་ཁང་ (Sri Udasin Karhni Ashram) དུ་ཆིབས་སྒྱུར་བསྐྱངས་རྗེས་བཀའ་སློབ་སྩལ་འདུག

དེའི་སྐབས། ༸གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་ནི་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོགས་ཡོད་པའི་ཐོག་བཀའ་སློབ་གནང་དོན། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་རེད། ཚན་རིག་པས་ཀྱང་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་འདུག ད་ཆ་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུའང་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་སློབ་གསོ་ངེས་པར་དུ་སྤྲོད་དགོས་པར་མཐོང་། ང་ཚོས་ལུས་པོའི་འཕྲོད་བསྟེན་གཙིགས་ཆེར་འཛིན་པ་ལྟར། ནང་གི་བསམ་བློའི་འཕྲོད་བསྟེན་དེའང་གལ་ཆེ་ཡིན་སྟབས་གཞི་རིམ་ནས་མཐོ་སློབ་བར་གྱི་སློབ་ཚན་ནང་ངེས་པར་དུ་འཇོག་དགོས། འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་དེ་རྒྱ་གར་ཙམ་མ་ཟད། འཛམ་གླིང་ཁྱོན་དུའང་དགོས་མཁོ་དང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད། ད་ལྟའི་འཛམ་གླིང་ནང་འཚེ་བའི་བྱ་སྤྱོད་ཧ་ཅང་ཤུགས་ཆེ་སྤེལ་བཞིན་པ་དང་། མཚོན་ཆར་དང་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག གནས་སྟངས་འདི་མུ་མཐུད་ནས་ཕྱིན་པ་ཡིན་ན་མིས་དཀའ་སྡུག་མང་པ་མྱོང་རྒྱུ་རེད། དེར་བརྟེན་ཐབས་ལམ་གཅིག་པུ་དེ་འཚེ་བ་མེད་པ་དང་སྙིང་རྗེའི་ཉམས་ལེན་རེད། གཞན་ལ་མིག་དཔེ་སྟོན་པར་དང་ཐོག་རྒྱ་གར་རང་གྱི་ནང་སྲོལ་རྒྱུན་རིག་གནས་ཉམས་པ་དེ་དག་སླར་གསོ་ཡོང་ཐབས་བྱེད་དགོས། ཚོགས་པ་འདིས་སྲོལ་རྒྱུན་རིག་གནས་དེ་དག་སྲུང་སྐྱོབ་ཆེད་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་ཅེས་གསུངས་འདུག