09
Mon, Dec

འབྲུག་བསྟན་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཐོག་གཏམ་བཤད་གནང་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༩་ཚེས་༡༦་ཉིན་སྤེལ། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པ་དེ། སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་ཡོད་པ་དང་། དེའི་ཐོག་བོད་པའི་འཐུས་མི་ཡིས། རྒྱ་གཞུང་གིས་བོད་ཀྱི་དགོན་ཆེན་ཁག་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། བོད་མིའི་རིག་གཞུང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་འདུག ཅེས་ཞུས་ཡོད་འདུག

དེ་ཡང་། ༢༠༡༩་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢་དེ། ཟླ་འདིའི་ཚེས་༩་ནས་ཚེས་༢༧་བར་འཚོགས་ཀྱི་ཡོད་ཅིང་། ཚེས་༡༡་ཉིན། ཚོགས་འདུ་དེའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚན་པ་བཅས་ཀྱི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཉེན་ཚབས་འགྱུར་བའི་མི་རྣམས་ཀྱི་ཚོགས་པའི (Society for Threatened Peoples)་འཐུས་མི་བྱས་ནས་གཏམ་བཤད་བྱས་འདུག

དེ་ཡང་ཁོ་མོས་རྒྱ་གཞུང་གིས་བོད་ནང་དུ་དགོན་ཆེན་བླ་རོང་སྒར་དང་ཡ་ཆེན་སྒར་བཅས་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། བོད་མིའི་རིག་གཞུང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར། དེ་བཞིན། བོད་ནང་དུ་ཡར་རྒྱས་གཏོང་བའི་ལས་གཞིའི་ཁྲོད་ཀྱི་གཏེར་ལས་དང་ཆུ་མཛོད་ཀྱི་ལས་གཞི་ལ་བརྟེན་ནས། བོད་ཀྱི་འབྲོག་པ་ས་ཡ་གཉིས་ལྷག་བཙན་དབང་གིས་གནས་སྤོ་བྱས་བཅུག་ཡོད་པར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ལོ་སྔོན་མའི་ནང་དུ། ཁམས་འབྲི་རུ་ནང་དུ་གཏེར་ལས་ལ་ངོ་རྒོལ་བྱས་རྐྱེན། བོད་མི་༣༠་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་གྱུར་ཡོད་པ་དང་། ཁོ་ཚོའི་གནས་སྟངས་སྐོར་གང་ཡང་ཤེས་རྟོགས་བྱུང་མེད་སྐོར་དང་། དམིགས་བསལ་བླ་རོང་སྒར་དང་ཡ་ཆེན་སྒར་བཅས་ནས་གནས་དབྱུང་བཏང་བའི་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་སྐོར། ཁོ་ཚོར་ལུས་སེམས་གཉིས་ཀར་སྡུག་སྦྱོང་དང་བཙུན་མ་ཚོར་བཙན་གཡེམ་བཏང་ཡོད་སྐོར་བཅས་འགྲེལ་བརྗོད་བྱས་འདུག དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ལ་བོད་མི་དེ་ཚོའི་གནས་ཚུལ་གསལ་པོ་དང་། ད་ལྟའི་གནས་སྟངས་སྐོར་ཀྱི་གནས་ཚུལ་རྣམས་ཁ་གསལ་སྤྲོད་དགོས་པའི་ནན་སྐུལ་ཞུ་རོགས་ཞེས་ཞུས་འདུག

དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཚོ་བླ་རོང་སྒར་དང་། ཡ་ཆེན་སྒར། ཡར་རྒྱས་ཀྱི་ལས་གཞི་འགྲོ་བཞིན་ཡོད་ཅེས་བརྗོད་པའི་ས་ཆ་བཅས་ལ་དཔྱད་ཞིབ་བྱེད་པར་འགྲོ་བའི་ནན་སྐུལ་དང་། རྒྱ་ནག་གིས་བོད་ནང་དུ་ཡར་རྒྱས་གཏོང་བ་ལས་གནོད་པ་མང་བ་བྱས་ཡོད་ཅེས་ཁོ་མོས་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༡་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པའི་ཐོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་(Kai Mueller)ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་གཞུང་གིས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་བོད་མི་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པས། ཁོང་རྣམ་པ་གང་དུ་ཡོད་མེད་ཐུགས་འཚབ་དང་སྦྲགས་ཤེས་རྟོགས་དགོས་པའི་འབོད་སྐུལ་གནང་འདུག

ཁོང་གིས་མུ་མཐུད་ནས། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་གྲྭ་བློ་བཟང་ཐབས་མཁས་ལགས་དང་། རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས། རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་གྲྭ་ཐུབ་པ་ལགས་བཅས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ནག་ཉེས་ག་རེ་བཙུགས་ཡོད་མེད་དང་། ས་གནས་གང་དུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་བར་ལྷག་ཡོད་པ་དང་། དེ་བཞིན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་འཛིན་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་རེད། ཅེས་གསུངས།

འདི་ལོའི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ ༢༧ གྱིས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ས་ཁུལ་ཁག་གི་ནང་བོད་རིགས་དང་ཡུ་གུར་མི་རིགས་དོན་མེད་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

དེ་བཞིན། ཟླ་འདིའི་ཚེས་༡༢་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་ ༤༢ པ་འཚོགས་བཞིན་པ་དང་བསྟུན། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཉེན་ཚབས་འགྱུར་བའི་མི་རྣམས་ཀྱི་ཚོགས་པ(Society for Threatened Peoples)་ཞེས་པའི་གོ་སྒྲིག་འོག ཡར་རྒྱས་རེད་དམ་ཡང་ན་གཏོར་བཤིག་རེད། (Development or Destruction) ཅེས་པའི་བརྗོད་གཞིའི་ཐོག་ཟུར་དུ་ཚོགས་འདུ་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་(Kai Mueller) ལགས། དེ་བཞིན། ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་བཅས་མཉམ་ཞུགས་བྱས་ཡོད་འདུག

ཚོགས་འདུ་དེའི་ཐོག དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་རྩྭ་ཐང་ནས་བཙན་གྱིས་གནས་སྤོ་བཅུག་པ་དང་། གཏེར་ཁ་སྔོག་འདོན་བྱས་པ། ཆུ་མཛོད་བརྒྱབ་པ་སོགས་ལ་བརྟེན་ནས། བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་ཀྱི་ལས་གཞི་སྤེལ་བཞིན་པ་དེ་དག་བོད་མི་ཚོར་ཁེ་ཕན་མི་འདུག ཅེས་དང་། ཡར་རྒྱས་ཀྱི་ལས་གཞི་དེ་དག་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་མེད་པ་དང་ས་གནས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ལྡན་པ་ཞིག་དགོས་ཞེས་གསུངས་འདུག

དེ་ནས། སྐུ་ཞབས་ཀ་ཡི་མུ་ལར་ལགས་ཀྱིས། བོད་མི་རྣམས་ཀྱིས་རང་གི་ཕ་མེས་ཡང་མེས་སྐབས་ནས་རྩ་ཆེན་དུ་བརྩི་བཞིན་པའི་གནས་རི་དང་རྩྭ་ཐང་སོགས་ལ། རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་སྟེ་མེ་འཁོར་ལྕགས་ལམ་དང་གཞུང་ལམ་བཟོས་པ་དེ་ནི། བོད་མིའི་སྲོལ་རྒྱུན་བཟང་པོར་རྩིས་མེད་སྣང་ཆུང་བྱས་པ་རེད། ཅེས་བརྗོད་འདུག

ཐེངས་འདིའི་ཟུར་ཚོགས་སྟེང་དུ་རྒྱ་ནག་གཞུང་གི་སྐུ་ཚབ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱས་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།