25
Thu, Apr

ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ(Carrie lam)

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༩་ཚེས་༤་ཉིན། ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས། ཧོང་ཀོང་ནང་དུ་ཟླ་གསུམ་གྱི་རིང་ལ་བྱུང་བའི་ངོ་རྒོལ་འབྱུང་རྐྱེན་གཙོ་བོ་སྟེ། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཞུང་འབྲེལ་ཐོག་དངོས་སུ་ཕྱིར་འཐེན་བྱས་པའི་གསལ་བསྒྲགས་བྱས་ཡོད་རུང་། ངོ་རྒོལ་བའི་དགོས་འདུན་གཞན་པ་བཞི་ཡི་ཐོག་གང་ཡང་བརྗོད་མེད་སྟབས། ངོ་རྒོལ་མུ་མཐུད་ནས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་། གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦་པའི་ཐོག ཧོང་ཀོང་སྤྱི་ཁྱབ་འགན་འཛིན་གྱིས་བརྙན་ཐུང་བརྒྱུད་ནས་དོན་ཚན་བཞི་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དང་པོ། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཞུང་ཕྱོགས་ནས་དངོས་སུ་ཕྱིན་འཐེན་བྱ་རྒྱུ་ཡིན་པ། གཉིས་པ། རང་དབང་ཅན་གྱི་ཉེན་རྟོག་པའི་ཞུ་གཏུག་ལྷན་ཚོགས་(Independent Police Complaints Council) ཀྱི་ཚོགས་མི་གསར་པ་གཉིས་བསྐོ་གཞག་བྱས་པ་དང་། མ་འོངས་པར་ཧོང་ཀོང་གཞུང་གིས་ལྷན་ཚོགས་དེའི་ལམ་སྟོན་གཞིར་བཟུང་གནད་དོན་རྣམས་ཐག་གཅོད་བྱ་རྒྱུ་ཡིན་པ། གསུམ་པ། ཟླ་འདིའི་ནང་། ཁོ་མོས་ངོ་རྒོལ་བ་ཚོ་དང་ཐད་ཀར་ཐུག་ནས་གྲོས་མོལ་བྱ་རྒྱུ་དང་། མི་མང་གི་མངོན་འདོད་རྣམས་ལ་ཉན་ནས་དཀའ་ངལ་སེལ་རྒྱུ་ཡིན་པ། བཞི་པ། སྤྱི་ཚོགས་ཀྱི་འགོ་ཁྲིད་དང་མཁས་དབང་རྣམས་གདན་འདྲེན་ཞུས་ཏེ་སྤྱི་ཚོགས་ནང་གི་རྙོག་དྲ་དང་དཀའ་ངལ་གང་ཡིན་པ་རྣམས་རང་དབང་གི་ཐོག་ནས་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང་། གཞུང་ལ་དཀའ་ངལ་དེ་དག་སེལ་བའི་ཐད་ནས་ལམ་སྟོན་བྱེད་རྒྱུ་ཡིན་པ་བཅས་བསྒྲགས་འདུག

འོན་ཀྱང་། ཧོང་ཀོང་ནང་དུ་ཟླ་གསུམ་གྱི་རིང་ལ་སློབ་ཕྲུག་དང་། དགེ་རྒན། ཁྲིམས་རྩོད་པ། ལས་བྱེད་པ། གཞོན་སྐྱེས་གཙོས་མི་མང་ས་ཡ་མང་པོས་ངོ་རྒོལ་བྱས་ཏེ། དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་ནང་ནས་དོན་ཚན་བཞི་ཡི་ཐོག་ལ་འགྲེལ་བརྗོད་དང་གསལ་བཤད་གང་ཡང་བྱས་མི་འདུག

ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་མེད་པ་བཟོ་དགོས་པ། གཉིས་པ། འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོ་གློད་དགོས་པ། གསུམ་པ། ངོ་རྒོལ་བ་ཚོ་ཟིང་འཁྲུག་སློང་མཁན་དུ་བརྗོད་རྒྱུར་མཚམས་འཇོག་དགོས་པ། བཞི་པ། ཉེན་རྟོག་པའི་གདུག་རྩུབ་དང་ལྡན་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་ཐོག་ནས་བརྟག་དཔྱད་དགོས་པ། ལྔ་པ། རང་དབང་ཅན་གྱི་འོས་བསྡུ་བྱེད་དགོས་པ་བཅས་ཡིན་འདུག

དེར་བརྟེན། ཁོ་ཚོའི་དགོས་འདུན་དོན་ཚན་ལྔ་པོ་དང་ལེན་མ་བྱས་བར་དུ། ངོ་རྒོལ་བྱ་རྒྱུ་ཡིན་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱེད་བཞིན་འདུག གཞན་ཡང་། ཁྲིམས་བཟོ་བ་པལུ་ཚི་(Paul Tse)་དང་མི་ཁི་ཐིན་(Michael Tien)་གྱིས། ཧོང་ཀོང་གཞུང་གིས་ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་ཕྱིར་འཐེན་གྱི་ཐག་གཅོད་བྱས་པ་དེ་ནི་འཕྱི་དྲག་པ་དང་ཆུང་དྲག་པ་ཞིག་རེད་ཅེས་དང་། ད་ལྟའི་ཧོང་ཀོང་གི་གནད་དོན་དེ་ཁྲིམས་འཆར་དེ་གཅིག་པོར་ཐུག་མེད་པར། ཧོང་ཀོང་ནང་དུ་མང་གཙོ་དང་རང་དབང་ལོངས་སྤྱོད་བྱེད་ཐུབ་མིན་གྱི་སྐོར་དང་འབྲེལ་བ་ཡོད་ཅེས་བརྗོད་འདུག

ད་ལོའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ནི། འདི་ལོའི་ཟླ་༦་པ་ནས་མགོ་བརྩམས་ཡོད་པ་དང་། ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཧོང་ཀོང་ནང་དུ་ཉེས་ཅན་རྩི་སྤྲོད་ཀྱི་ཁྲིམས་འཆར་ཞིག་བཏོན་ནས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཙོ་པའི་མི་མང་ལ་རང་དབང་ལོངས་སུ་སྤྱོད་པར་འགོག་རྐྱེན་དུ་གྱུར་ཡོད་པ་དང་གཅིག དེ་བཞིན་ཉེ་བའི་ལོ་ཤས་ནས་བཟུང་། ཧོང་ཀོང་དུ་རྒྱ་གཞུང་གི་གནོན་ཤུགས་དངོས་ཤུགས་བརྒྱུད་གསུམ་ནས་སླེབས་ཏེ། ཧོང་ཀོང་མི་མང་གིས་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་པར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་གཉིས་བཅས་ཀྱི་དབང་གིས། ཧོང་ཀོང་གི་རང་དབང་དང་མང་གཙོ་མི་བརླག་པའི་ཆེད་དུ། གཞོན་སྐྱེས་གཙོ་པའི་མི་མང་ས་ཡ་མང་པོས་ཟླ་གསུམ་ཙམ་ཞིག་གི་རིང་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་རེད།

ངོ་རྒོལ་འདིས་གཞོན་སྐྱེས་ཚོའི་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བཅངས་པའི་མངོན་འདོད་དང་། ཞུམ་པ་མེད་པའི་སྙིང་སྟོབས་དེ་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད་པ་རེད།