22
Sun, Sep

༢༠༡༩ལོའི་ཟླ་༨་ཚེས་༢༥་ཉིན། ཧོང་ཀོང་ནང་གི་གཞི་རྒྱ་ཆའི་ངོ་རྒོལ་དང་ཉེས་རྟོག་པས་དྲག་གནོན།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༢༥་ཉིན། ཧོང་ཀོང་ནང་བདུན་ཕྲག་བཅུ་གཉིས་པའི་ངོ་རྒོལ་དེ་བྱས་ཡོད་ཅིང་། སྐབས་དེར་ངོ་རྒོལ་བ་ཚོ་དང་ཉེན་རྟོག་པའི་བར་འཁྲུག་འཛིངས་ཤོར་ནས། ཉེན་རྟོག་པས་ངོ་རྒོལ་བ་ཚོར་གཅར་རྡུང་དང་། མིག་ཆུ་དུག་རླུང་གཏོང་བ། ཆུ་གཏོར་བ་སོགས་བྱས་ཡོད་འདུག གཞན་རྒྱ་གར་རྒྱལ་ཡོངས་ཚོང་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཚོང་རྫས་རྒྱ་གར་ནང་བཀག་སྡོམ་དགོས་པའི་འབོད་སྐུལ་བྱས་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་ལྟར་ན། ཟླ་འདིའི་ཚེས་༢༤་དང་༢༥་ཉིན། ཧོང་ཀོང་ནང་སླར་ཡང་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་བྱེད་མཁན་ཚོས་རང་ཉིད་སྲུང་སྐྱོབ་ཆེད་དུ་འབག་མགོ་དང་མེ་སེལ་ཡོ་བྱེད་སོགས་འཁྱེར་ནས་ངོ་རྒོལ་བྱེད་དུ་ཡོང་ཡོད་འདུག ངོ་རྒོལ་དེའི་ཁྲོད་། ངོ་རྒོལ་བ་ཚོ་དང་ཉེན་རྟོག་པ་བར་ལ་འཁྲུགས་འཛིང་ཤོར་ནས། ངོ་རྒོལ་ཚོ་ལ་ཉེན་རྟོག་པས་གཅར་རྡུང་དང་། བྱིས་པ་ལོ་༡༢་གཙོ་པའི་ངོ་རྒོལ་བ་སྐྱེས་པ་༢༩་དང་བུད་མེད་༧་བཅས་ཁྱོན་མི་གྲངས་༣༦་འཛིན་བཟུང་བྱས་ཡོད་པར་བརྗོད་འདུག

གཞོན་སྐྱེས་གཙོ་པའི་ངོ་རྒོལ་བ་ཚོས་ཧོང་ཀོང་གི་ཁྲོམ་གཞུང་ཁག་ནས་ངོ་རྒོལ་བྱས་ཏེ་འགྲོ་སྐབས། ཉེན་རྟོག་པས་ངོ་རྒོལ་བ་ཚོའི་ཕྱོགས་སུ་ཡོང་ནས་མིག་ཆུ་དུག་རླུང་གཏོང་བ་དང་། ཆུ་གཏོར་བ། འགྱིག་གི་མེ་མདའ་བརྒྱབ་འདུག དེ་ནས་ངོ་རྒོལ་བ་ཚོས་ལག་ཏུ་ལྕགས་མདོང་བཟུང་སྟེ་ཉེན་རྟོག་པའི་ཕྱོགས་སུ་སོང་ནས་ཕར་རྒོལ་བྱས་མཐར། ཉེན་རྟོག་པ་ཚོས་ཕྱིར་འཐེན་བྱས་དགོས་བྱུང་འདུག དེའི་སྐབས་སུ། ཉེན་རྟོག་པ་གཅིག་གིས་གནམ་ལ་མེ་མདའ་བརྒྱབ་ནས་ངོ་རྒོལ་བ་ཚོར་འཇིགས་སྣང་ཡང་སྐུལ་འདུག

ཧོང་ཀོང་ནང་ཟླ་གཉིས་ལྷག་ཙམ་ལ་ངོ་རྒོལ་བྱུང་བ་ནས་བཟུང་། ཐེངས་འདིའི་ངོ་རྒོལ་ནི་དྲག་པོར་འགྱུར་བའི་ངོ་རྒོལ་ཆེ་ཤོས་དེ་ཆགས་ཡོད་པ་དང་། ཉེན་རྟོག་པ་ཚོས་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་ཆེ་རུ་ཕྱིན་ཡོད་པར་བརྒྱུད་ལམ་ཁག་ན་གསལ་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༥་ཉིན། གཟའ་ཉི་མ་སྟེ། རྒྱ་གར་རྒྱལ་ཡོངས་ཚོང་འབྲེལ་མཐུན་ཚོགས་(The Confederation of All India Traders (CAIT)ཀྱིས་རྒྱ་ནག་གི་ཚོང་རྫས་རྒྱ་གར་ནང་བཀག་སྡོམ་དང་། རྒྱ་གར་ནང་ཡོང་བའི་རྒྱ་ནག་གི་ཚོང་རྫས་ཐོག་སྒོ་ཁྲལ་བརྒྱ་ཆ་༦༠་ལ་སྤར་དགོས་པའི་འབོད་སྒུལ་བྱས་འདུག དེ་བྱེད་དགོས་པའི་རྒྱུ་མཚན་ནི། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཚོགས་(United Nation Security Council)་ཀྱི་ནང་དུ་རྒྱ་ནག་གིས་ཇ་མུ་ཀ་ཤི་མེར་གྱི་གནད་དོན་ཐོག་ལ་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ནས་སྐད་ཆ་བཤད་ཡོད་པའི་རྐྱེན་ཡིན་འདུག

རྒྱ་གར་རྒྱལ་ཡོངས་ཚོང་འབྲེལ་མཐུན་ཚོགས་ཀྱིས་བརྗོད་དོན། རྒྱ་གར་ནི་རྒྱ་ནག་གི་འཛད་སྤྱོད་པའང་ཅ་དངོས་ཉོ་མཁན་མང་ཤོས་ཀྱི་རྒྱབ་ཁབ་ཤིག་ཡིན་པར་མ་ལྟོས་པར། རྒྱ་ནག་གིས་པ་ཀི་སི་ཐན་གྱི་རྒྱབ་རྩ་ལངས་ནས་རྒྱ་གར་ལ་ཁ་གཏད་དང་སྐྱོན་བརྗོད་བྱེད་པར་གོམས་གཤིས་ཆགས་ཡོད། དེར་བརྟེན། ད་ནས་བཟུང་། རྒྱ་གར་རྒྱ་ནག་གི་ཚོང་རྫས་ལ་བརྟེན་རྒྱུར་ཉུང་དུ་གཏོང་དགོས་པ་དང་། རྒྱ་གར་གཞུང་ལ་རྒྱ་ནག་གི་ཚོང་རྫས་ཐོག་སྒོ་ཁྲལ་བརྒྱ་ཆ་༣༠་ནས་༦༠་ལ་སྤར་དགོས་པའི་འབོད་སྐུལ་ཞུས་འདུག རྒྱ་ནག་རྒྱ་གར་གྱི་ཁ་གཏད་དུ་ལངས་ནས་པ་ཀི་སི་ཐན་གྱི་ཕྱོགས་བྱས་པ་དེས། རྒྱ་གར་མི་མང་དང་ཚོང་པ་ཚོ་ལ་ཁོང་ཁྲོ་ལངས་བཅུག་ཡོད་པ་དང་། དེའི་མཇུག་འབྲས་ངན་པ་གང་ཡིན་པ་རྒྱ་ནག་ལ་རྟོགས་སུ་འཇུག་དགོས་ཞེས་བརྗོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༩་ཉིན། རྒྱ་གར་རྒྱལ་ཡོངས་ཚོང་འབྲེལ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག མངའ་སྡེ་ཚང་མའི་ནང་ནས་ཡོང་བའི་ཚོང་པའི་རྒྱལ་ཡོངས་ཚོང་འབྲེལ་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པ་དང་། དེའི་ཐོག་རྒྱ་ནག་གི་ཚོང་རྫས་བཀག་སྡོམ་སོགས་ཀྱི་ཐོག་གླེང་རྒྱུ་ཡིན་པར་བརྗོད་འདུག 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།