11
Wed, Dec

༢༠༡༩ལོའི་ཟླ་༧་ཚེས་༢༢་ཉིན། རྒྱ་གར་གྱིས་ཅན་ཌི་ར་ཡན་གཉིས་པ་(Chandrayaan-2)་མཁའ་དབྱིངས་སུ་གཏོང་སྐབས། པར། (ISRO/PTI)

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༧་ཚེས་༢༢་ཉིན། རྒྱ་གར་གྱིས་ཟླ་བའི་ཐོག་ཏུ་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ཞེས་པ་ཞིག་དངོས་སུ་བཏང་ཐུབ་ཡོད་པ་དང་། གལ་སྲིད་དེ་ཟླ་བའི་ཐོག་འབབ་ཐུབ་ཚེ། རྒྱ་གར་ནི་མཁའ་དབྱིངས་སྟོབས་ཆེན་རྒྱལ་ཁབ་བཞི་པ་དེ་ཆགས་ཀྱི་ཡོད་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་སེ་ཨན་ཨན་ནས་བཏང་བའི་གནས་ཚུལ་ལྟར་ན། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢:༤༣་ཐོག རྒྱ་གར་གྱི་ཨན་ཌི་མངའ་སྡེ་རུ་ཆགས་པའི་གླིང་ཕྲན་ས་རི་ཧ་རི་ཀོ་ཏ་ནང་གི་ས་ཏི་ཞ་བྷ་ཝན་མཁའ་དབྱིངས་ལྟེ་གནས་ཁང་ནས་ཅན་ཌི་ར་ཡན་གཉིས་(Chandrayaan-2)་པའམ་ཟླ་བའི་འགྲུལ་འཁོར་ཞེས་པ་དེ། ཟླ་བའི་ཐོག་བདེ་ལེགས་ངང་བཏང་ཐུབ་ཡོད་པ་དང་། དེ་ནི་མཁའ་དབྱིངས་ལ་ཟླ་བ་གཉིས་རིང་འགྲུལ་བསྐྱོད་བྱས་མཐར། ཟླ་བའི་ཐོག་འབབ་ཐབས་བྱ་རྒྱུ་ཡིན་འདུག

ཅན་ཌི་ར་ཡན་གཉིས་པའམ་ཟླ་བའི་འགྲུལ་འཁོར་དེ་ནི། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས་བཟོས་ཡོད་ཅིང་། དེར་ལྗིད་ཚད་ཏུན་༣.༨་ཡོད་འདུག དེའི་ནང་འཕྲུལ་འཁོར་གསུམ་མཉམ་དུ་འཁྱེར་ཡོད་པ་དང་། གལ་སྲིད་ཟླ་བའི་ཐོག་བདེ་ལེགས་ངང་འབབ་ཐུབ་ཚེ། རོ་ཝུ་འཕྲུལ་འཁོར་ཞེས་པ་དེས། ཚན་རིག་པས་བརྟག་དཔྱད་ཆེད་ཟླ་བའི་ངོས་ཀྱི་གཏེར་རྫས་དང་རྫས་སྦྱོར་འཁྱེར་ཡོང་འཆར་ཡོད་འདུག

ཅན་ཌི་ར་ཡན་གཉིས་པ་མཁའ་དབྱིངས་སུ་བཏང་རྗེས། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པའི་འགན་འཛིན་ཞི་ཝམ་གྱིས་གསར་འགོད་པར། ཐེངས་འདིར་ཅན་ཌི་ར་ཡན་གཉིས་པ་བདེ་ལེགས་ངང་མཁའ་དབྱིངས་སུ་བཏང་ཐུབ་པ་ནི། ཁོ་ཚོའི་རུ་ཁག་གིས་རང་ཉིད་ཀྱི་ནང་མི་དང་དོ་དབྱིངས་སོགས་བློས་བཏང་ནས་བྱུང་བའི་འབྲས་བུ་ཞིག་ཡིན་པ་དང་། ཁོ་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན་ཞེས་བརྗོད་འདུག

དེ་ནས་རྒྱ་གར་སྲིད་འཛིན་མོ་ཌི་མཆོག་གིས་ཅན་ཌི་ར་ཡན་གཉིས་པ་བདེ་ལེགས་ངང་མཁའ་དབྱིངས་སུ་བཏང་ཐུབ་པའི་ཐོག་ལ་ཁྲུ་ཝུ་ཁྲུ་བརྒྱུད་ནས། འདི་ནི་ལོ་རྒྱུས་ནང་གི་དམིགས་བསལ་གྱི་དུས་ཤིག་ཡིན་པ་དང་། རྒྱ་གར་མི་མང་ཚོས་སྤོབས་པ་སྐྱེས་བཞིན་ཡོད། ཅེས་བཀོད་འདུག

རྒྱ་གར་གྱི་ཅན་ཌི་ར་ཡན་དང་པོ་ Chandrayaan-1)་ནི། ༢༠༠༨་ལོར་མཁའ་དབྱིངས་སུ་བཏང་ནས་ཟླ་བ་གོ་ལའི་ངོས་སུ་ཆུའི་གྲུབ་རྫས་གསར་དུ་རྙེད་ཡོད་འདུག འོན་ཀྱང་། འཕུར་མདའ་དེ་ཟླ་བ་གོ་ལའི་ཐོག་འབབ་གྲབས་ཡོད་སྐབས། གློ་བར་དུ། བརྡབ་ལྷུང་བྱུང་ནས་འབབ་ཐུབ་མེད་པ་རེད།

རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པས། ཅན་ཌི་ར་ཡན་དང་པོ་དང་གཉིས་པ་བཟོས་པའི་ཉམས་མྱོང་གཞི་བཞག་ཐོག ཅན་ཌི་ར་ཡན་གསུམ་པ་བཟོ་བཞིན་ཡོད་པ་དང་། ཅན་ཌི་ར་ཡན་གསུམ་པ་དེ་༢༠༢༣་དང་༢༠༡༤་ལོར་ཟླ་བ་གོ་ལའི་ཐོག་གཏོང་རྒྱུ་ཡིན་པའི་འཆར་གཞི་ཡོད་འདུག

༢༠༡༤་ལོར། རྒྱ་གར་གྱིས་འཕུར་མདའ་ཞིག་གཟའ་ཆེན་མིག་དམར་ཐོག་བཏང་ནས། རྒྱ་གར་ནི་གཟའ་ཆེན་མིག་དམར་ཐོག་སླེབས་ཐུབ་པའི་ཨེ་ཤེ་ཡའི་ནང་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག

༢༠༡༧་ལོར། རྒྱ་གར་གྱིས་འཁོར་སྐར་་༡༠༤་ཞིག་འཕུར་མདའ་གཅིག་གི་ནང་འཁྱེར་ནས་མཁའ་དབྱིངས་སུ་འཕུར་ཡོད་པར་སྐད་གྲགས་བཞག་འདུག

དེ་བཞིན། རྒྱ་གར་མཁའ་དབྱིངས་ཉམས་ཞིབ་ཚོགས་པའི་འགན་འཛིན་ཞི་ཝམ་གྱིས་འདི་ལོའི་ཟླ་༦་པའི་ནང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་གར་གྱིས་༢༠༣༠་ལོར་མཁའ་དབྱིངས་ལ་རྒྱ་གར་གྱི་ངོས་ནས་མཁའ་དབྱིངས་འབབ་ཚུགས་ཤིག་གསར་འཛུགས་བྱ་རྒྱུ་ཡིན་པར་བསྒྲགས་འདུག ད་ལྟར་མཁའ་དབྱིངས་ལ་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚུགས་ཞེས་པ་གཅིག་མ་གཏོགས་མེད་པ་རེད།

དེང་སང་། ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་། རྒྱ་གར་དང་། ཉི་ཧོང་། རྒྱ་ནག་བཅས་ཀྱིས་མཁའ་དབྱིངས་སུ་འཕུར་མདའ་དང་འཁོར་སྐོར་གཏོང་བ་སོགས་ཀྱི་ཐོག་ལ་འགྲོ་སོང་འབོར་ཆེན་གཏོང་བཞིན་ཡོད་འདུག འདིའི་ཐད་ནས་རྒྱ་ནག་དང་རྒྱ་གར་བར་འགྲན་རྩོལ་ཤུགས་ཆེན་འགྲོ་བཞིན་ཡོད་འདུག

༢༠༡༩ལོའི་ཟླ་༡་པོའི་ནང་། རྒྱ་ནག་གིས་ཟླ་བའི་སྒང་ལ་འཕུར་མདའ་བཏང་ནས་དེའི་ཐོག་འབབ་ཐུབ་ཡོད་པ་དང་། དེ་ནས་རྒྱ་ནག་ནི་ཨེ་ཤེ་ཡའི་ནང་ཟླ་བ་གོ་ལའི་ཐོག་བབས་ཐུབ་མཁན་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག

དེ་བཞིན། རྒྱ་ནག་གིས་༢༠༣༠་ལོར་ཟླ་བ་གོ་ལའི་ཐོག་མི་གཏོང་ཐབས་ཀྱི་འཆར་གཞི་སྒྲིག་བཞིན་ཡོད་པ་དང་། གལ་སྲིད། ལམ་ལྷུང་བྱུང་ན་རྒྱ་ནག་ནི་འཛམ་གླིང་ནང་ཨ་རིའི་རྗེས་ནས། ཟླ་བའི་ཐོག་མི་གཏོང་ཐུབ་མཁན་གྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

གཞན་ཡང་། རྒྱ་ནག་གིས་འགྲོ་སོང་མང་པོ་ཞིག་བཏང་ནས་མཁའ་དབྱིངས་འབབ་ཚུགས་ཤིག་བཟོ་བཞིན་ཡོད་པ་དང་། དེ་༢༠༢༢་ལོར་བཟོ་ཚར་བའི་འཆར་གཞི་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།