19
Fri, Apr

༢༠༡༩ལོའི་ཟླ་༧་ཚེས་༡༧་ཉིན། ཉི་མ་ལྷ་མོ་ལགས་ཨ་རིའི་སྲིད་འཛིན་ཌོ་ནཱལ་ཏྲམ་མཆོག་ལ་མཇལ་འཕྲད་བྱེད་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༡༧་ཉིན། ཨ་རིའི་ཕོ་བྲང་དཀར་པོའི་ནང་སྤྲུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཨ་རིའི་སྲིད་འཛིན་ཌོ་ནཱལ་ཏྲམ་མཆོག་(Donald Trump)དང་མཇལ་འཕྲད་བྱས་ཡོད་ཅིང་། སྐབས་དེར། ཁོ་མོས་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཐུབ་ཐབས་དང་བོད་དོན་ཐོག་ཨ་རིའི་གཞུང་གིས་མུ་མཐུད་ནས་རྒྱབ་སྐྱོར་བྱེད་པའི་རེ་འབོད་ཞུས་འདུག

ཉི་མ་ལྷ་མོ་ལགས་ཨ་མེ་རི་ཁའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་པས་ཆོས་དད་རང་དབང་དར་སྤེལ་ཆེད་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བོད་པའི་སྐུ་ཚབ་ཀྱི་མིང་ཐོག་ནས་ཕེབས་ཡོད་ཅིང་། ཆོས་དད་རང་དབང་གི་ཚོགས་འདུར་ཕེབས་པའི་སྐུ་ཚབ་གཞན་རྣམས་དང་མཉམ་དུ་ཕོ་བྲང་དཀར་པོའི་ནང་ཨ་མེ་རི་ཁའི་སྲིད་འཛིན་ཌོ་ནཱལ་ཏྲམ་མཆོག་དང་མཇལ་'འཕྲད་གནང་འདུག

ཉི་མ་ལྷ་མོ་ལགས་ཀྱིས་ཨ་རིའི་སྲིད་འཛིན་མཆོག་དང་མཇལ་འཕྲད་གནང་སྐབས་བརྗོད་དོན། སྲིད་འཛིན་མཆོག་ལ་མཇལ་བའི་གོ་སྐབས་བྱུང་བ་ནི་ངའི་རྨི་ལམ་ཞིག་ཡིན། བོད་ནང་གི་བོད་མི་ཚོར་ཨ་རིའི་རྒྱབ་སྐྱོར་དགོས་ཡོད། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཐུབ་ཐབས་སུ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག དེ་ནས་སྲིད་འཛིན་ཌོ་ནཱལ་ཏྲམ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚམས་འདྲི་ཞུ་རོགས་ཞེས་བཀའ་ལན་གནང་ཡོད་པ་རེད་འདུག

ཉི་མ་ལྷ་མོ་ལགས་ནི་༢༠༡༦ལོར་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་འབྱོར་བ་ནས་བཟུང་། རྒྱལ་སྤྱིའི་སྡིངས་ཆ་སྟེང་དུ་སྤྲུལ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་བྱས་ནས་བཙོན་ཁང་དུ་སྐུ་བཀྲོངས་པ་སོགས་དང་། བོད་ནང་དུ་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐོར་སོགས་ཞུ་གཏུགས་རིམ་པར་བྱས་ཡོད་པ་རེད། དེ་བཞིན་ད་ཐེངས་ཀྱང་། ཨ་རིའི་སྲིད་འཛིན་མཆོག་དང་ཐུགས་འཕྲད་སྐབས་ཀྱང་། བོད་ནང་གི་བོད་མི་ཚོར་ཨ་རིའི་རྒྱབ་སྐྱོར་དགོས་ཡོད། ༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཐུབ་ཐབས་སུ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག