20
Sat, Apr

༢༠༡༩ལོའི་ཟླ་༧་ཚེས་༡༦་ཉིན། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་གསར་པ་ཝ་སུ་ལ་ཝེ་ཌེར་ལེ་ཡེན་ལགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༧་ཚེས་༡༦་ཉིན། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་གསར་པ་ཝ་སུ་ལ་ཝེ་ཌེར་ལེ་ཡེན་ལགས་བདམས་ཡོད་པ་དང་། ཁོ་མོ་ནི་ལྷན་ཁང་དེའི་ཚོགས་གཙོ་བུད་མེད་ཐོག་མ་དེ་ཆགས་ནས་ལོ་རྒྱུས་གསར་པ་ཞིག་བཞག་ཡོད་འདུག ཁོ་མོས་མ་འོངས་པར་མཐུན་སྒྲིལ་དང་སྟོབས་ཤུགས་ཅན་གྱི་ཡུ་རོབ་ཅིག་བསྐྲུན་རྒྱུ་དང་། གནམ་གཤིས་འགྱུར་ལྡོག ཕོ་མོ་འདྲ་མཉམ་སོགས་ཀྱི་ཐོག་ལས་ཀ་བྱ་རྒྱུ་ཡིན་པར་བརྗོད་འདུག

དེ་ཡང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། འཇར་མན་གྱི་བདེ་སྲུང་བློན་ཆེན་ཡིན་པའི་ཝ་སུ་ལ་ཝེ་ཌེར་ལེ་ཡེན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་གསར་པར་འདེམ་ཐོན་བྱུང་ཡོད་འདུག་ཅིང་། ཟླ་འདིའི་ཚེས་༡༦་ཉིན་ལ་ཧྥ་རན་སི་ནང་གི་སི་ཊ་བྷ་ཁིར་གྲོང་ཁྱེར་ལ་རྟེན་གཞི་བྱེད་པའི་ཡུ་རོབ་གྲོས་ཚོགས་ནང་། འོས་ཤོག་བླུགས་མཐར་ཁོ་མོར་འོས་གྲངས་༣༨༣་ཐོབ་པར་བརྟེན། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་གསར་པ་དེ་ཆགས་ཡོད་འདུག

དེ་ནས་ཝེ་ཌེར་ལེ་ཡེན་ལགས་ཀྱིས་འོས་ཤོག་གི་རྒྱལ་ཁ་ཐོབ་རྗེས་མ་འོངས་པར་ལས་དོན་བྱེད་ཕྱོགས་སྐོར་ལ་བརྗོད་དོན། མཐུན་སྒྲིལ་དང་སྟོབས་ཤུགས་ལྡན་པའི་ཡུ་རོབ་ཅིག་བསྐྲུན་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་མ་ཟད། ཁོར་ཡུག་ཐོག་ལ་གྲོས་ཆོད་གསར་པ་ཞིག་བཏོན་ནས། ༢༠༥༠་ལོར་ཡུ་རོབ་ནི་འཛམ་གླིང་སྟེང་གི་ཚ་དྲོད་སྙོམས་པོའི་གླིང་ཕྲན་དང་པོ་དེ་ཆགས་པར་ཡང་འབད་བརྩོན་བྱ་རྒྱུ་ཡིན་ཟེར། ད་དུང་ཁོ་མོས་ཕོ་མོ་འདྲ་མཉམ་ཐོག་ལས་ཀ་བྱ་རྒྱུ་ཡིན་ཅིང་། བུད་མེད་ལ་འཚེ་བ་བྱེད་པ་ནི་ཁྲིམས་འགལ་ཞིག་ཡིན་པ་ཡུ་རོབ་མཐུན་ཚོགས་ཀྱི་ནག་ཉེས་ཐོ་གཞུང་ནང་འཇུག་རྒྱུའི་གྲོས་ཆོད་འདོན་རྒྱུ་ཡིན་པ་བཅས་བརྗོད་འདུག

གཞན་ཡང་། སྐྱབས་བཅོལ་དང་ཕྱི་མི་ཡུལ་སྤོས་ཀྱི་ཐོག་ལ་གྲོས་ཆོད་གསར་བ་བཞག་ནས། ཡུ་རོབ་ནང་དེའི་སྐོར་གྱི་དཀའ་ངལ་མཉམ་རུབ་ཐོག་ནས་གདོང་ལེན་བྱ་རྒྱུ་ཡིན་པ་དང་། ༢༠༢༤་ལོར་སྔོན་ལ་ཡུ་རོབ་རྒྱལ་ཁབ་ཁག་གི་ས་མཚམས་ལ་སྲུང་སྐྱོབ་ཀྱི་ནུས་ཤུགས་ཆེ་རུ་གཏོང་ཆེད། ལས་བྱེད་གྲངས་༡༠༠༠༠་འཇོག་རྒྱུའི་འཆར་གཞི་ཡོད་པ་བཅས་བརྗོད་འདུག

ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་འགན་འཛིན་གྱི་ལས་འགན་ནི། ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་གི་ལས་ཁུངས་འགོ་ཁྲིད་རྒྱུ་དང་ལམ་སྟོན་བྱེད་རྒྱུ། དེ་བཞིན་ཁྲིམས་གསར་བའི་གྲོས་ཆོད་འདོན་རྒྱུ། ཡུ་རོབ་མཐུན་ཚོགས་ཀྱི་ལོ་རེའི་འཆར་དངུལ་བཀོད་བྱུས་བྱེད་རྒྱུ། ཡུ་རོབ་མཐུན་ཚོགས་ཀྱི་ཁྲིམས་ལག་སྟར་བྱེད་རྒྱུ་བཅས་ཡིན་འདུག

དེ་ཡང་། ཡུ་རོབ་གྲོས་ཚོགས་ནང་འོས་འཕེན་མཁན་ནི། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གྲངས་༢༨་ཡོད་པའི་ནང་ནས། བདམས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གྲངས་༧༥༡་ཡིན་པ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ཆགས་པར་འོས་ཤོག་གྲངས་༣༧༤་ཐོབ་དགོས་ཤིང་། ཝེ་ཌེར་ལེ་ཡེན་ལགས་ལ་འོས་གྲངས༣༨༣་ཐོབ་ཡོད་པ་རེད། འོས་ཤོག་བླུགས་སྐབས། འཐུས་མི་གྲངས་༣༢༧་གྱི་མི་མཐུན་མེད་པའི་འོས་བླུགས་ཡོད་པ་དང་། འཐུས་མི་གྲངས་༢༢་ཀྱི་འོས་བླུགས་མེད་པ་རེད།

ཝ་སུ་ལ་ཝེ་ཌེར་ལེ་ཡེན་ལགས་ནི། ༢༠༡༣་ལོ་ནས་༢༠༡༩་ལོ་བར་འཇར་མན་གྱི་བདེ་སྲུང་བློན་ཆེན་བྱས་ཡོད་པ་དང་། ལོ་འདིའི་ཟླ་༡༠་པའི་ཚེས་༣༡་ཉིན་ལ། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོའི་ལས་འགན་དངོས་སུ་ཁུར་རྒྱུ་ཡིན་འདུག