16
Mon, Dec

ཐེ་ཝན་གྱིས་ཨ་རིའི་གོ་མཚོན་ཉོ་བ་དང་། རྒྱ་ནག་གི་སེམས་ཁྲལ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༧་ཉིན་སྤེལ། ཉེ་ཆར་ཐེ་ཝན་གྱིས་ཨ་རིའི་ལག་ནས་ཐང་ག་རི་བརྒྱ་ལྷག་དང་། མཁའ་དམག་གནམ་གྲུ དེ་བཞིན་ཐང་ག་རིར་འགོག་མདའ་བཅས་ཀྱི་གོ་མཚོན་ཉོ་རྒྱུར་གཏན་འཁེལ་ཡོད་ཅིང་། དེའི་ཐོག་རྒྱ་ནག་གི་ཕྱོགས་ནས་སེམས་ཁྲལ་ཤུགས་ཆེན་ལངས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༦ཉིན་ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་ཐེ་ཝན་ངོས་ནས་ཨ་རིའི་གོ་མཚོན་ཉོ་རྒྱུར་གཏན་འཁེལ་ཡོད་པ་དང་། ཨ་རིའི་ཕྱོགས་ནས་ཀྱང་མགྱོགས་པོར་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་བཙོང་བའི་ཁས་ལེན་བྱ་རྒྱུ་རེད་ཅེས་བརྗོད་འདུག

ཁོང་གི་བསྒྲགས་གཏམ་ནང་དུ་གསལ་དོན། གོ་མཚོན་ཉོ་བའི་རེ་འདུན་གྱི་ནང་དུ་(108M1A2)རྟགས་ཅན་གྱི་ཐང་ག་རི་དང་། (1,240 TOW anti-armour missiles)རྟགས་ཅན་གྱི་དམག་འཐབ་འགོག་མདའ། (409 Javelin anti-tank missiles)རྟགས་ཅན་གྱི་ཐང་ག་རིར་འགོག་མདའ། (250 Stinger man-portable air defence systems)རྟགས་ཅན་གྱི་མཁའ་དམག་གནམ་གྲུ་བཅས་ཡོད་འདུག

གཞན་ཡང་། ཐེ་ཝན་ཕྱོགས་ནས་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་(F-16 fighter jets)རྟགས་ཅན་དྲུག་ཅུ་རེ་དྲུག་ཉོ་འཆར་ཡོད་པ་གསལ་འདུག

གོ་མཚོན་ཉོ་བའི་རེ་འདུན་གྱི་བརྒྱུད་རིམ་ནི་ད་ལྟར་འགྲོ་བཞིན་ཡོད་པ་དང་། ཨ་རིའི་ཕྱོགས་ནས་རེ་འདུན་དེར་ག་དུས་ལན་སྤྲོད་ཀྱི་ཡོད་མེད་གཏན་འཁེལ་མེད་རུང་། ཟླ་བ་བཞིའི་ནང་ཚུད་དུ་ལན་སྤྲོད་ཀྱི་ཡོད་འདུག

ཐེ་ཝན་གྱིས་དེ་ལྟར་གསལ་བསྒྲགས་བྱས་རྗེས། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཐེ་ཝན་གྱི་བྱེད་སྟངས་དེར་སེམས་ཁྲལ་ཤུགས་ཆེན་བྱེད་བཞིན་པའི་རྣམ་འགྱུར་བསྟན་ཡོད་པ་དང་། ཁོས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ། ཨ་རིས་ཐེ་ཝན་ལ་གོ་མཚོན་བཙོང་རྒྱུར་མཚམས་འཇོག་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

ད་ལྟའི་ཆར། ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་རྒྱག་བཞིན་ཡོད་ཅིང་། ཉེ་ཆར་ཨ་རིའི་ཕྱོགས་ནས་རྒྱ་ནག་ནས་ཡོང་བའི་ཚོང་རྫས་ལ་རིན་གོང་ཨ་སྒོར་ཐེར་འབུམ་༢༥༠་ཡི་ཁྲལ་སྤེལ་ཡོད་དང་། དུ་དུང་མུ་མཐུན་ནས་རྒྱ་ནག་གི་ཚོང་རྫས་ལ་ཨ་སྒོར་ཐེར་འབུམ་༣༠༠་ཡི་ཁྲལ་སྤེལ་འཆར་ཡོད་འདུག

དེ་བཞིན། རྒྱ་ནག་ནས་ཀྱང་ཨ་རིའི་ཚོང་རྫས་ལ་ཨ་སྒོར་ཐེར་འབུམ་༦༠་ཡི་ཁྲལ་སྤེལ་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།