16
Tue, Apr

༢༠༡༩ལོའི་ཟླ་༦་ཚེས་༤་ཉིན་དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་ངོ་༣༠་འཁོར་བའི་དུས་དྲན་སྲུང་བརྩི་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༦་ཚེས་༤་ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་དུ། སློབ་མ་དང་ཤེས་ཡོན་ཅན་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ཧྲིལ་བོ་༣༠་འཁོར་བའི་དུས་དྲན་ཉིན་ལ། ཧོང་ཀོང་དང་ཐེ་ཝན་སོགས་ཀྱིས་དུས་དྲན་སྲུང་བརྩི་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་ནག་ནང་ལ་དུས་དྲན་དེ་དང་འབྲེལ་བའི་ལས་འགུལ་དང་གནས་ཚུལ་ཆ་ཚང་བཀག་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༤་ཉིན། ཧོང་ཀོང་ནང་མི་མང་སྟོང་ཕྲག་ཁ་ཤས་ཤིག་འཛོམས་ནས་དྲུག་བཞི་དོན་རྐྱེན་ཁྲོད་དུ་འདས་གྲོངས་ཕྱིན་པའི་སློབ་མ་དང་། ཤེས་ཡོན་ཅན་རྣམས་ལ་གུས་འདུད་བྱེད་ཞོར་སྐྱོ་གདུང་ངང་དུས་དྲན་སྲུང་བརྩི་བྱས་ཡོད་འདུག དུས་དྲན་སྲུང་བརྩི་བྱེད་མཁན་ཧོང་ཀོང་བ་ཞིག་གིས། གལ་སྲིད་༡༩༨༩ལོར་སློབ་མ་དང་ཤེས་ཡོན་པ་དེ་ཚོས་རྒྱ་ནག་མང་གཙོ་སྒྱུར་ཐུབ་ཡོད་ན། ང་ཚོ་ད་ལྟར་རྒྱ་གཞུང་གི་དབང་སྒྱུར་འོག་སྡོད་དགོས་པ་མ་རེད། ཅེས་བརྗོད་འདུག

གཞན་ཡང་། ཐེ་ཝན་ནང་སྒྱུལ་རྩལ་པ་ཞིག་གིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་མེ་སྒྱོགས་ཀྱི་མདུན་དུ་ལངས་ནས་འཐབ་རྩོད་བྱེད་མཁན་ཁོང་གི་བློ་སྟོབས་མཚོན་ཆེད། མེ་སྒྱོགས་དང་མི་དེའི་འདྲ་གཟུགས་བཟོས་ནས་བདུན་ཕྲག་ཁ་ཤས་རིང་རྒྱལ་ས་ཐེ་པན་དུ་འགྲེམས་སྟོན་བྱེད་བཞིན་ཡོད་འདུག

ཨ་རི་ལའང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དྲུག་བཞི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་བྱས་ཡོད་འདུག འོན་ཀྱང་། ཧོང་ཀོང་མ་གཏོགས་རྒྱ་ནག་ནང་དུ་དྲུག་བཞི་དོན་རྐྱེན་གྱི་དུས་དྲན་སྲུང་བརྩི་བྱེད་པ་དང་། དེ་དང་འབྲེལ་བའི་གནས་ཚུལ་ཆ་ཚང་བཀག་སྡོམ་བྱས་ཡོད་འདུག

༡༩༨༩ ལོའི་ཟླ ་༦ ཚེས ་༤ ཉིན་ནི། རྒྱ་ནག་གི་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་དུ་སློབ་མ་དང་ཤེས་ཡོན་ཅན་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས། རྒྱ་གཞུང་གིས་སྡུག་རྩུབ་ཆེན་པོའི་སྒོ་ནས་དམར་གསོད་ཚབས་ཆེན་བཏང་ཡོད་པ་དང་། ཉིན་མོ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་སྲུབ་ཐབས་མེད་པའི་སྐྱོ་གདུང་གི་ཉིན་ཞིག་ཆགས་པ་རེད།