19
Fri, Apr

༢༠༡༩ལོའི་ཟླ་༤་ཚེས་༡༥་ཉིན་ཧྥ་རན་སིའི་ཡི་ཤུའི་ལྷ་ཁང་ཎ་ཁྲི་རེ་ཌ་མེ་མེར་ཤོར་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༥ཉིན། ཧྥ་རན་སིའི་རྒྱལ་ས་ཕད་རི་སུར་ཡོད་པའི་ལོ་རྒྱུས་དང་ལྡན་པའི་ཡིད་དུ་འོང་བའི་ཡི་ཤུའི་ལྷ་ཁང་ཎ་ཁྲི་རེ་ཌ་མེ་(Notre-Dame Cathedral)་གཟའ་ཟླ་བའི་ཕྱི་དྲོར་མེ་སྐྱོན་ཚབས་ཆེན་འོག་རྡིབ་སྐྱོན་ཆེན་པོ་བྱུང་བ་དང་། ཡི་ཤུའི་ལྷ་ཁང་དེའི་ཁྱབ་ཁོངས་ཡོངས་སུ་དུ་བས་ཁེངས་སྟབས། དེ་གའི་ཡུལ་མི་རྣམས་བློ་ཕམ་ཤུགས་ཆེན་བྱུང་ཡོད་འདུག

མེ་ལྕེ་དམར་པོས་ལྷ་ཁང་གི་ཤིང་གི་ཐོག་ཁེབས་འབར་ནས་ཐལ་དུ་འགྱུར་འགྲོ་སྐབས། མི་དམངས་སྟོང་ཕྲག་ལྷག་གིས་ཁ་རས་བརྒྱབ་ནས་ལྷ་ཁང་གི་ཉེ་འགྲམ་དུ་ཡོད་པའི་མགྲོན་ཁང་ཞིག་གི་མདུན་དུ་ཧོན་འཐོར་ཏེ་མིག་ཆུ་འབྱིད་བཞིན་འདུག

ལོ་ན་༤༥ལ་སླེབས་པའི་ཡུལ་མི་ཞིག་གིས་བློ་ཕམ་ངང་ལྷ་ཁང་མེ་ཤོར་བ་དེ་ནི་ནང་མི་ཞིག་མེད་པ་ཆགས་པ་དང་མཚུངས་ལ་ང་ལ་མཚོན་ན་ལྷ་ཁང་དེ་དང་འབྲེལ་བའི་དྲན་གསོ་མང་པོ་ཡོད་ཅེས་བརྗོད་འདུག

མེ་གསོད་རུ་དཔོན་(Jean-Claude Gallet)གྱིས་བཤད་གསལ་ལ་མེ་གསོད་མཁན་༥༠༠ཙམ་གྱིས་ཆུ་ཚོད་༥རིང་རབ་ཏུ་འབར་བའི་མེ་ལྕེ་ཧུར་ཐག་གིས་བསད་དེ། ཕད་རི་སུའི་མཚན་མོ་ཆུ་ཚོད་༡༡ ལ་ད་གཟོད་མེ་བསད་ཡོད་འདུག བརྗིད་ཉམས་ལྡན་པའི་ལྷ་ཁང་ནམ་མཁར་ཟུག་པ་གཉིས་ཡོད་པ་དེ་མེད་པ་ཆགས་པ་མ་ཟད། ད་དུང་ལྷ་ཁང་ཐོག་གི་གསུམ་ཆ་གཉིས་ཙམ་ལ་གཏོར་བཤིག་ཐེབས་ཡོད་འདུག་ཅེས་བརྗོད།

ཧྥ་རན་སིའི་སྲིད་འཛིན་མ་ཁུ་རོན་(Emmanuel Macron )་ལགས་གྱིས་རེས་གཟའ་ཟླ་བའི་དགོང་མོར་ཡུལ་མི་ཚོར་མེར་འཚིགས་པའི་ལྷ་ཁང་གི་ཆ་ཤས་རྣམས་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ལྷ་ཁང་གི་འགོ་འཛིན་ནས་བཤད་གསལ་ལ་མེ་སྐྱོན་བྱུང་བ་དེ་ལམ་སང་རྟོགས་ཐུབ་མེད། འོན་ཀྱང་མེའི་འབྱུང་གཞི་དེ་ནི་ལྷ་ཁང་ནང་གི་གདུང་མ་ཞིག་ལ་མེ་འབར་ནས་ཞིག་ནས་བྱུང་བ་རེད། མེ་གསོད་རུ་ཁག་འགའ་ཤས་ལ་སྨས་སྐྱོན་ཕོགས་པ་མ་གཏོགས་གཞན་སུ་ལའང་གནོད་འཚེ་བྱུང་མེད་ཅེས་བརྗོད་འདུག

བརྗིད་ཅིང་ལྟ་ན་སྡུག་པའི་ལྷ་ཁང་དེ་དུས་རབས་བར་མའི་སྐབས་སུ་བཞེངས་པ་ཞིག་ཡིན་པ་དང་། སྔ་དུས་ནས་དབྱིན་ཡུལ་དང་ཡུ་རོབ་ཁུལ་ནས་དར་ཁྱབ་བྱུང་བའི་ཁང་པའི་བཟོ་དབྱིབས་རྕེ་རྣོ་ལ་སྒོ་དང་སྒེའུ་ཁུང་གཞུ་དབྱིབས་སུ་བྱས་པའི་ཁང་བཟོ་དང་། དེ་དུས་དར་བའི་རི་མོ་སོགས་སྒྱུ་རྕལ་ལྡན་ཡོད་པས་དེར་ལྟ་སྐོར་ལ་ཡོང་མཁན་ཉིན་གཅིག་གི་ནང་དུ་མི་༣༠༠༠༠་ཡོད་པ་དང་། ལོ་གཅིག་ལ་མི་ས་ཡ་༡༣་ལྷག་ཡོང་གི་ཡོད་འདུག

སྔོན་མར་ལྷ་ཁང་དེའི་ནང་ཧྥ་རན་སིའི་རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱིས་གཉེན་སྒྲིག་ས་དང་ཕུང་པོ་སྦེད་ཡུལ་དང་། རྒྱལ་པོ་ན་པོ་ལོན་(NAPOLEON)ཁྲི་ལ་བཞུགས་ཡུལ་ཡིན་པ་མ་ཟད། མཛད་སྒོ་གལ་ཆེན་ཁག་ཚོགས་ཡུལ་ཡང་ཡིན་འདུག