18
Thu, Apr

ཐེ་ཝན་གྱིས་རྒྱ་ནག་གི་ཉེན་བརྡ་ལ་མགོ་མི་སྒུར་ཟེར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ༡་ཚེས་༡༧ཉིན། ཐེ་ཝན་གྱིས་རྒྱ་ནག་གི་ཉེན་བརྡ་དང་འཇིགས་སྐུལ་ལ་མགོ་མི་སྒུར་བ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱེད་པའི་རེ་འབོད་ཞུ་བཞིན་འདུག གཞན་ཡང་རྒྱ་ནག་སྲིད་འཛིན་གྱིས་ཐེ་ཝན་ལ་དམག་རྒྱག་སྲིད་པའི་འཇིགས་སྐུལ་བྱས་རྗེས། ཐེ་ཝན་གྱིས་གཟའ་ལྷག་པ་ཉིན་ཐེ་ཝན་ཤར་ཕྱོགས་ཀྱི་མཚོ་ཁ་ཞིག་ཏུ་དམག་ཆས་དངོས་སུ་བེད་སྤྱོད་བཏང་ནས་དམག་སྦྱོང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་ནག་གིས་རྒྱལ་སྤྱིའི་ཁེ་ལས་མཉམ་འདུས(companies)་ཀུ་ཤུ(Apple)དང་ཨ་མ་ཛོང་(Amazon) བཅས་ལ། ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་རྒྱལ་ཁབ་རང་བཙན་ཡིན་པའི་མིང་ལ་འགྱུར་བ་གཏོང་དགོས་པ་དང་། དེ་གཉིས་རྒྱ་ནག་གི་ཁོངས་སུ་ཡིན་པར་འབྲི་དགོས་པའི་སྐུལ་མ་བྱས་རྗེས། གཟའ་ལྷག་པའི་ཉིན་ཐེ་ཝན་སྲིད་འཛིན་གྱི་མགྲིན་ཚབ་པ་ཨ་ལེ་སུ་ཧུན་གྱིས། ཐེ་ཝན་གྱིས་རྒྱ་ནག་གི་ཉེན་བརྡ་དང་འཇིགས་སྐུལ་ལ་མགོ་མི་སྒུར་བ་དང་། པེ་ཅིན་གྱི་ངོ་ཚ་བྲལ་བའི་བྱ་སྤྱོད་དེ་དག་ལ་ངོ་རྒོལ་བྱེད་ཆེད། རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱེད་པའི་རེ་འབོད་ཞུ་བཞིན་ཡོད་ཅེས་བརྗོད་འདུག

ཐེ་ཝན་གྱིས་ཤར་ཕྱོགས་མཚོ་ཁར་དངོས་སུ་དམག་སྦྱོང་བྱེད་བཞིན་པ་དང་། ཐེ་ཁྲང་ནུབ་ཕྱོགས་མཚོ་འགྲམ་དུ་མེ་སྒྱོགས་དང་རྒོལ་འཛིང་ཐད་འཕུར་གནམ་གྲུ་བེད་སྤྱོད་བཏང་ནས་དམག་སྦྱོང་བྱས་ཡོད་འདུག དེ་བཞིན་ཧྥ་རན་སུ་ཡིས་བཟོས་པའི་མཁའ་དམག་གནམ་གྲུ་དག་ཐེ་ཁྲང་མཚོ་འགྲམ་གྱི་བྱང་ཕྱོགས་ཀྱི་ནམ་མཁར་འཕུར་བ་སོགས་བྱས་ཡོད་པ་རེད།

རྒྱ་ནག་སྲིད་འཛིན་ཞི་ཅིང་ཕིང་གིས་ཐེ་ཝན་རྒྱ་ནག་གི་དབང་བསྒྱུར་བྱེད་ཆེད་དམག་འཐབ་རྒྱག་སྲིད་པ་བརྗོད་རྗེས་ནས། དེ་རིང་ཐེ་ཝན་གྱིས་དམག་སྦྱོང་བྱེད་པ་ཐེངས་དང་པོ་དེ་ཡིན་འདུག

ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་ཇུས་དེར་ཐེ་ཝན་གྱིས་དང་ལེན་བྱས་མེད་པ་དང་། ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝིན་གྱིས་ཐེ་ཝན་གྱི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་ནི་ཐེ་ཝན་རྒྱལ་ཁབ་ཀྱི་གལ་གནད་དང་པོ་དེ་ཡིན་པ་བརྗོད་ཡོད་པ་རེད། དེར་བརྟེན། རྒྱ་ནག་གིས་མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་ལ་དཔལ་འབྱོར་དང་། དམག་ཤུགས། དེ་བཞིན་ཕྱི་འབྲེལ་གནོད་ཤུགས་སོགས་སྤྲོད་བཞིན་པ་རེད་འདུག